བསྟན་པའི་སྦྱིན་བདག་ས་སྐྱོང་རིན་སྤུངས་པའི་སྐོར།

    གཉིས་པ་སྒེར་གྱི་མི་རབས་རྣམས་ལ་ཡངས་ཕྱི་སྒེར་དང༌། དམག་དཔོན་གྱི་སྒེར། གྲུབ་ཐོབ་ཀྱི་སྒེར་དང་གསུམ་ལས། དང་པོ་སྒེར་དཔལ་ལེགས་འོད་པོར། དེའི་སྲས་དཔལ་ལེགས། དཔལ་འོད། དཔལ་ལྡན་དང་གསུམ་གྱི་གླིང་ཁ་ཟོལ་ཐང་སྟོངས་ཐང་བཟུང༌། དང་པོའི་སྲས་ཆུ་ཐོགས་དང་རལ་པ་འཛིན་གཉིས་ལས། ཆུང་བ་རལ་པ་འཛིན་གྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་མཛད། ཁྲ་འབྲུག་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་མཛད།  དེ་ནས་བཟུང་དམག་དཔོན་གྱི་སྒེར་ཞེས་གྲགས། རལ་པ་འཛིན་ནས་རིམ་པར་བརྒྱུད་པའི་གདུང་རབས་ཉི་ཤུ་པའི་སྲས། ལྔ་པའི་ནང་ནས་སྨོན་ལམ་རྒྱལ་མཚན་དང༌། མགོན་པོ་རྒྱལ་མཚན།  དམག་དཔོན་ཆོས་རྡོ། དམག་དཔོན་ད་ར་འོད་བཞི་ནས་མཐའ་དགྲ་འདུལ་བའི་དམག་དཔོན་མཛད། མཆན་རལ་པ་འཛིན་གྱིས་མི་རྒྱུད་ཟླ་བ་རྒྱལ་གྱིས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་མཛད་ཅེས་རྒྱལ་རབས་ཁ་ཤས་ནང་གསལ་འདུག་པས་སླད་ཞིབ་ཆ་ཡོད་པ་ཞུ་རྒྱུ་ཡིན། སྲས་ལྔ་པ་སྒེར་སྒོམ་ཞིག་པོ་མཁན་པོ་སངས་རྒྱས་ཚུལ་ཁྲིམས་ལས་རབ་ཏུ་བྱུང་བས་མཚན་སངས་རྒྱས་སེང་གེ་བཏགས། མདོ་མཁར་དུ་ཉི་ཟླ་མིང་ཅན་གཙུག་ལག་ཁང་གཉིས་རྟེན་དང་བརྟེན་པ་བཅས་གསར་བཞེངས་དགེ་རྒྱུན་དཔག་མེད་བཙུགས་པ་ནས་པ་བཟུང་སྟེ་གྲུབ་ཐོབ་སྒེར་ཞེས་གྲགས། སྒེར་དམག་དཔོན་ཆོས་རྡོར་བའི་སྲས་རིན་ཆེན་གྲུབ། དེ་ལ་སྲས་བཞི་ཡོད་པའི་ནང་ནས་སྲས་ཆེ་བ་སྲས་རྒྱལ་པོ་འོད་ལ་ཡང་སྲས་གཉིས། གཅེན་རིན་ཆེན་རྒྱལ་མཚན་དང༌། གཅུང་ཤཱཀྱ་དཔལ། དེའི་སྲས་ཤཱཀྱ་འབུམ།  
    གསུམ་པ་སྡེ་པ་རིན་སྤུངས་པ་ཞེས་གྲགས་དགོས་པའི་རྒྱུ་མཚན་ནི། སྒེར་ཤཱཀྱ་འབུམ་ལ་སྲས་བཞི་ཡོད་པའི་ནང་ནས་ཆེ་བ་ནམ་མཁའ་རྒྱལ་མཚན་གྱིས་ཕག་གྲུ་སྡེ་སྲིད་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ཏེ། གཞིས་ཀ་རིན་སྤུངས་ཀྱི་རྫོང་དཔོན་མཛད་པ་ནས་བཟུང་རིན་སྤུངས་པའི་མི་ཆགས། དེ་རྗེས་གཙང་ཆུ་མིག་ཁྲི་དཔོན་དང༌། ས་སྐྱའི་དཔོན་ཆེན་གྱི་གོ་ས་བཟུང་ཞོར་དཔལ་ས་སྐྱ་ལྷ་ཁང་ཆེན་མོ་བསྐྱར་གསོ་དང༌། ཆུ་མིག་རྫིང་ཁའི་གཙུག་ལག་ཁང་ལ་ཡང་དེ་བཞིན་མཛད། དེའི་སྲས་ནམ་མཁའ་རྒྱལ་མཚན་སྣེ་གདོང་གྲགས་པ་འབྱུང་གནས་ཀྱི་སྐབས་སུ་ཞབས་འབྲིང་གལ་ཆེའི་གྲས་སུ་བཞུགས་ཏེ། ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་སྦྱིན་བདག་མཛད། དེའི་སྲས་དྲུང་ཆེན་ནོར་བུ་བཟང་པོས་སྣེ་གདོང་སྡེ་སྲིད་ངག་དབང་བཀྲ་ཤིས་ཀྱི་ཞབས་ལ་གཏུགས་ཤིང༌། ཡབ་མེས་ཀྱི་དུས་ལྟར་རིན་སྤུངས་རྫོང་དུ་གཏན་སྡོད་དང༌། ཁྲི་དཔོན་གྱི་ལས་ཞོར་ཁྲོ་ཕུ་བྱམས་ཆེན་ཆོས་སྡེ་གཙུག་ལག་ཁང་ཆེན་པོའི་གཞི་བཏིང༌། ལོ་ངོ་བདུན་ནས་བྱམས་ཆེན་དང་གཙུག་ལག་ཁང་བཅས་ལེགས་པར་གྲུབ། དེ་བཞིན་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་སྤྱན་དྲངས་ཏེ། ཕྱི་ནང་རྟེན་བཅས་གསར་བཞེངས་ལེགས་གྲུབ་ཀྱི་རབ་གནས་མཛད། དེ་རྗེས་རྫོང་གཞིས་མང་པོ་མངའ་འབངས་སུ་བཅུག སླར་ཡང་དགུང་གྲངས་སོ་ལྔ་བཞེས་པ་ས་མོ་སྦྲུལ་ལ་རྫོང་དཀར་འབྲས་ཡུལ་སྐྱེད་མོས་ཚལ་དུ། བྱམས་ཆེན་རབ་འབྱམས་པ་ཀུན་མཁྱེན་རོང་སྟོང་སངས་རྒྱས་འཕེལ་གྱི་སྦྱིན་བདག་མཛད་དེ། གཙུག་ལག་ཁག་རྟེན་དང་བརྟེན་པ་བཅས་ལོ་ལྔ་ནས་གྲུབ་རྗེས། དབྱར་ཆོས་དགུན་ཆོས་ཀྱིས་གཙོས་འཆད་རྩོད་རྩོམ་གསུམ་གྱི་རྒྱལ་བསྟན་ཉི་མ་ལྟར་གསལ་བ་མཛད་པ་དང༌། སྐུ་ཚེའི་སྨད་དུ་བསམ་གྲུབ་རྩེའི་རྫོང་དཔོན་མཛད། དེ་ལ་སྲས་ལྔ་ཡོད་པ་ལས་སྲས་ཆེ་བ་གཞོན་ནུའི་དུས་སུ་གྲོངས། སྲས་གཉིས་པ་ཀུན་བཟང་པས་སྣེ་གདོང་སྡེ་སྲིད་ངག་དབང་བཀྲ་ཤིས་ཞབས་ལ་གཏུགས། རིན་སྤུངས་ཀྱི་རྫོང་དཔོན་མཛད། སྲས་གསུམ་པ་གཙང་ཆེན་དོན་ཡོད་རྡོ་རྗེས་གཞིས་ཀ་བསམ་འགྲུབ་རྩེའི་རྫོང་དཔོན་མཛད་ཞོར། ཀུན་མཁྱེན་གོ་བོ་རབ་འབྱམས་བསོད་ནམས་སེང་གེའི་བཀའ་དགོངས་བཞིན། རྒྱུན་གྲོན་བསྟན་སྦྱིན་མཛད་རེས་རྟ་ནག་གསེར་གླིང་དགོན་མེ་ཕོ་ཁྱི་ལོ་སྐར་མ་རྒྱལ་གྱི་ཉ་གའི་ཚེས་བཅོ་ལྔ་ལ་དབུ་བཙུགས་པ་ནས་བཟུང་བཤད་ཉན་རབ་ཏུ་འཕེལ་བ་དང༌།
    བཞི་པ་སྡེ་པ་རིན་སྤུངས་ཆོས་སྲིད་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་བ་ལྟར་འཕེལ་བའི་སྐོར། སླར་ཡང་བསྟན་པའི་སྦྱིན་བདག་གཙང་ཆེན་དོན་གྲུབ་རྡོ་རྗེ་དཔོན་བློན་རྣམས་ཀྱིས་རྟ་ནག་ཡོངས་རྫོགས་ཆབ་འོག་ཏུ་བསྒྱུར། རིན་ཆེན་རྩེ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་གནས་དང༌། མཐུན་རྐྱེན་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ལ་ཕུལ་བ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དགུང་གྲངས་བཞི་བཅུ་ཞེ་ལྔ་བཞེས་པ་ཆུ་མོ་སྦྲུལ་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་དང༌། དཔལ་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་རྟེན་དང་བརྟེན་པར་བཅས་གསར་སྐྲུན་ལེགས་གྲུབ་ཀྱི་སྒོ་འབྱེད་མཛད་སྒོ་བྱས་པ་ནས་བཟུང་སྟེ། ད་བར་མདོ་སྔགས་རིག་གནས་དང་བཅས་པ་རྣམས་འཆད་ཉན་བར་མ་ཆད་པར་བཞུགས་པ་རྣམས་ནི་ཁོང་གི་བཀའ་དྲིན་ཁོ་ན་ཡིན་པ་མཐོང༌། སྲས་བཞི་པ་མཚོ་སྐྱེས་རྡོ་རྗེས་ཡར་ཀླུང་མཁར་རྫོང་བཟུང་ཞོར་ཕོ་བྲང་སྣེ་གདོང་རྩེ་དཔོན་ཚབ་དང་ཐེ་གཏོགས་ཀྱང་མཛད། སྲས་ལྔ་པ་ཤཱཀྱ་རྒྱལ་མཚན་གྱིས་ཉང་ཁོངས་ཀྱི་རྫོང་གཞིས་བཟུང༌།  རིན་སྤུངས་ནོར་བུ་བཟང་པོའི་སྲས་གཉིས་པ་ཀུན་བཟང་གྱི་སྲས་ཚེ་བརྟན་རྡོ་རྗེ་དང༌། དོན་ཡོད་རྡོ་རྗེ་གཉིས་ལས་གཅུང་དོན་ཡོད་རྡོ་རྗེ་ཐོག་མར་རྫོང་དཔོན་གྱི་ཕྱག་ལས་ཐོབ། དེ་རྗེས་དབུས་ཀྱི་རྫོང་ཆེན་བཅུ་གཉིས་ཀྱི་ལས་ཀ་བླངས་ཤིང༌། ཕྱི་ལོ་ ༡༤༩༨ ལོར་ཡར་ཀླུང་མཐིལ་དུ་རྟ་དམག་སྟོབས་ཆེ་བ་དྲངས་ནས་གཞིས་ཀ་བྲག་དཀར་བ་དང༌། ཆུ་ཤུར་ལྷུན་པོ་རྩེ་རྫོང་སོགས་ལ་དཔུང་འཇུག་རིམ་པར་བྱས་ཏེ་མཐར་ཕག་གྲུའི་རྒྱལ་ས་སྣེའུ་གདོང་ལག་ནས་སྲིད་དབང་འཕྲོག་པ་དང༌། པོ་ཏཱ་ལ་སོགས་བདག་གིར་བླངས་ཏེ་བོད་ཡོངས་རྫོགས་ལ་མངའ་དབང་བསྒྱུར། དེ་ནས་རིམ་བཞིན་མཚོ་སྐྱེས་པའི་སྲས་ངག་དབང་རྣམ་རྒྱལ་དང༌། དེའི་སྲས་དོན་གྲུབ་ཚེ་བརྟན་རྡོ་རྗེ་དང༌། དེའི་གཅུང་ངག་དབང་འཇིགས་གྲགས་བཅས་མི་ཐོག་བཞིས་རབ་བྱུང་དགུ་པའི་ཤིང་གླང་ཕྱི་ལོ ༡༥༦༥ ལོར་བར་ལོ་དྲུག་ཅུ་རེ་བརྒྱད་བོད་ཀྱི་ཆབ་སྲིད་བསྐྱངས་སོ།། ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོས་བྲིས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||