ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

    གུང་རི་དགོན་པའི་རྒན་དྲི་མེད་བློ་གྲོས་ལགས་ཀྱིས། ཁུངས་ལྡན་ལྟར་བྱས་ན། དགོན་པ་འདི་ཉིད་ཕྱག་རྫོགས་གཉིས་ཀ་ལ་མཁས་པའི་གྲུབ་ཐོབ་རང་རིག་པ་སངས་རྒྱས་འོད་ཟེར་གྱིས་ཕྱག་བཏབ་པ་དང༌། གྲུབ་ཐོབ་རང་རིག་པ་ནི། གྲུབ་ཐོབ་རང་རིག་པ་ཕྱི་ལོ་ ༡༦༡༩-༡༦༨༣ བར་ན་བྱོན་ཡོད་ཅིང༌། གྲུབ་ཐོབ་འདིའི་མཚན་ལ་ཀུན་དགའ་རྒྱ་མཚོའང་ཞུ་གི་མེད་དམ་སྙམ། རྒྱལ་དབང་ལྔ་པ་དང་དུས་ཐོག་གཅིག་པར་བྱོན། དགོན་པ་འདི་ཉིད་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་འབྲེལ་བའི་ལོ་རྒྱུས་ཅང་མི་སྣང་ཡང༌། ཌཀ་ཊར་ཨར་སིས་ཧོན་ཌ་ཟེར་བ་ཞིག་གིས་དགོན་པ་འདི་ཉིད་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཕྱག་བཏབ་པ་དང༌། ལོ་སྟོང་ཙམ་ཕྱིན་ཡོད་ཅེས་བཤད་འདུག འོན་ཀྱང༌། དེ་ནི་ངེས་གཏན་གང་ཡང་མེད་པའི་དཔྱད་གཞི་ཙམ་ཡིན་པ་རེད་ཅེས་གསུངས་བྱུང༌།
    ཐོག་མར་གུང་རི་དགོན་པ་གྲུབ་ཐོབ་རང་རིག་པ་སངས་རྒྱས་འོད་ཟེར་གྱིས་ཕྱག་བཏབ་པའི་དགོན་རྙིང་གཙུག་ལག་ཁང་གི་རྟེན་གཙོ་དཔལ་ལྡན་ལྷ་མོ་བཀའ་སྒམ་དང༌། ཐུབ་དབང་གི་སྐུ་ཆུང་ཆུང་ཞིག སྤྱན་རས་གཟིགས་ཀྱི་སྐུ་ཆུང་ཆུང་ཞིག མཆོད་རྟེན་ཆུང་ཆུང་གསུམ། རྒྱལ་བའི་བཀའ་བསྟན་རྙིང་པ་སོགས་བཞུགས་ཡོད་པ་དང༌། དགོན་པ་དེའི་དཀྱུས་གཅིག་ན་གནས་པའི་དུང་འགྱུར་ལྷ་ཁང་ངམ་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ་ཞེས་མ་ཎི་འཁོར་ཁང་ཞིག་ཀྱང་ཡོད། དེ་ནས་གོམ་པ་བཅུ་གྲངས་ཙམ་གྱི་གོང་ན་གུ་རུའི་ལྷ་ཁང་ཞེས་པའི་དགོན་པ་ཞིག་ཡོད་ཅིང༌། དེ་ནི་གྲུབ་ཐོག་རང་རིག་པས་གུང་རི་དགོན་པ་ཕྱག་བཏབ་ཟིན་ཏེ་ལོ་ཤས་ཀྱི་རྗེས་སུ་བཞེངས་ཡོད་ཚོད་ཅེས་གསུངས་ཤིང༌། ལྷ་ཁང་དེའི་ནང་དུ་རྟེན་གཙོ་གུ་རུ་རིན་པོ་ཆེའི་བཞེངས་སྐུ་ཞིག་དང༌། གཞན་ཡང་ལྷ་སྐུ་འགའ་ཤས་དང་བཀའ་བསྟན་རྙིང་པ་བཞུགས། དགོན་པ་དེ་གཉིས་ཀ་ཧ་ཅང་གིས་ཆུང༌། དགོན་རྙིང་དེ་གཉིས་ཀྱི་གོང་ན་ད་ལྟ་ཨོ་རྒྱན་གསང་སྔགས་ཆོས་གླིང་ཞེས་པ་ཕྱི་ལོ་ ༢༠༠༤ ལོར་དགོན་ཆེན་ཞིག་གསར་བཞེངས་གྲུབ་ཡོད་ཅིང༌། དུས་རྒྱུན་མི་མང་གིས་གུང་རི་དགོན་པ་ཞེས་འབོད།
    དགོན་པ་འདི་རུ་སྐྱེས་ཆེན་དམ་པ་ནི། བླ་མ་ཐོགས་མེད་འཕྲིན་ལས་ཞུ་བ་ཞིག་སྟེང་ཏི་ལ་འཁྲུངས་ཤིང༌། ཁོང་ཆུང་དུས་བོད་ལྷོ་བྲག་ཏུ་པད་གླིང་གི་ཕྱག་སྲོལ་ལྟར་སློབ་གཉེར་མཛད་ཅིང་མཁས་པར་གྱུར། གུ་རི་དགོན་དུ་ཚུར་ཕེབས་རྗེས་པད་གླིང་གི་བསྟན་པ་རྒྱས་པར་བསྐྱངས། དེའི་རྗེས་སུ་གྲུབ་ཐོབ་དམར་པོ་ཞུ་བ་ཞིག་བྱོན། ཁོང་ནི་སྤིན་གྱི་དབྱར་ཆུ་སྐུ་རྐྱང་ལ་བརྒལ་ནས་ཕེབས་པ་དང༌། སྡིག་པ་ར་ཛ་གསོན་བཞེངས་གནང་བ་བཅས་གྲུབ་པ་ཐོབ་པའི་རྟགས་སྣ་ཚོགས་ཤིག་བསྟན་མྱོང་ཡོད་ཅིང༌། ཁོང་གིས་བསྟན་པ་ཡུན་རིང་བསྐྱངས། བར་སྐབས་ཤིག་ནས་སྐྱབས་རྗེ་གཡོ་མེད་རིན་པོ་ཆེ་ཞུ་བ་ཞིག་བྱོན་ཡོད་ལ། ཁོང་ནི་བདུད་འཇོམས་གླིང་སློབ་རྒྱུད་སྐྱབས་རྗེ་བདཻ་རྒྱལ་རིན་པོ་ཆེའི་དངོས་སློབ་དང༌། དེའི་ཡང་སྲིད་དང་དགོན་པའི་དབུ་བླ་ད་ལྟ་འཚོ་ཞིང་བཞུགས་པའི་སྤྲུལ་སྐུ་འཇིགས་མེད་བསྟན་འཛིན་རྡོ་རྗེ་རིན་པོ་ཆེ་མཆོག་ཡིན། དམ་པ་འདི་ཉིད་ཀྱི་འཁྲུངས་ཡུལ་སྤིན་མཁར་དཔུན་ན་དཔོན་རྒྱུད་ཀྱི་རིགས་སུ་འཁྲུངས་ཤིང་སྡེ་སྐྱོང་རྣམ་རྒྱལ་གྱི་གདུང་རྒྱུད་ཡིན་པ་དང༌། གུ་གླིང་ན་ཡོད་པའི་རྒྱལ་ཞིང་ཞེས་པ་དང་འབྲེལ་ཞིང་རིགས་རྒྱུད་སྟོང་ལ་འདོད་ཅིང༌། ཡར་གཏུགས་ན་ཁྲི་སྲོང་ལྡེའུ་བཙན་ལ་ཐུག་ཚུལ་གསལ། དམ་པ་འདི་ཉིད་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གཙོས་པའི་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ། སྐྱབས་རྗེ་པད་ནོར་རིན་པོ་ཆེ། དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ་སྐུ་གོང་མ། འཁྲུལ་ཞིག་རིན་པོ་ཆེ་བཅས་སྐྱེས་ཆེན་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ་གསན་བསམ་སློབ་གཉེར་མཛད། ད་ལྟའི་དགོན་གསར་དམ་པ་འདི་ཉིད་ཀྱིས་ཕྱག་བཏབ་སྟེ་ཕྱི་ལོ་ ༢༠༠༤ ལོར་གྲུབ་པ་དང༌། ལོ་དེའི་ཕྱི་ཟླ་དྲུག་པའི་ནང་དུ་ྋརྒྱལ་བ་ཡིད་བཞིན་ནོར་བུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བདུན་ཕྲག་གཅིག་རིང་བཞུགས་ཤིང༌། གསུང་ཆོས་གཙོ་བོ་ཀུན་མཁྱེན་ཀློང་ཆེན་རབས་འབྱམས་པའི་ངལ་གསོ་སྐོར་གསུམ་དང༌། བྱང་གཏེར། སྤྱོད་འཇུག་གི་བཀའ་ཁྲིད་བཅས་ཉིན་གསུམ་གནང༌། གཞན་ཡང་དགོན་གསར་གྲུབ་རྗེས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའང་ཐེངས་གཉིས་ཙམ་ཕེབས།
    གུང་རི་དགོན་པས་ལོ་རྟག་པར་བོད་ཟླ་ལྔ་པའི་བོད་ཚེས་བརྒྱད་ནས་བཅུ་གཅིག་བར་ཆོས་ཕྱོགས་ཀྱི་དུས་སྟོན་ཆེན་པོ་ཚུགས་སྲོལ་ཡོད་ཅིང༌། དུས་སྟོན་དེ་ནི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གཏེར་གསར་གནམ་ལྕགས་སྤུ་གྲིའི་སྒོ་ན་སྒྲུབ་པ་ཚུགས་ཏེ། བོད་ཚེས་བརྒྱད་ཉིན་དངོས་གྲུབ་གནང་བ་དང༌། བོད་ཚེས་དགུ་དང་བཅུ་གཉིས་གུ་རུ་མཚན་བརྒྱད་སོགས་ཀྱི་གར་འཆམ། བོད་ཚེས་བཅུ་གཅིག་ཉིན་ཚེ་དབང་བསྐུར་གྱི་ཡོད། བོད་ཚེས་བརྒྱད་ཀྱི་སྔོན་ལ་ཞག་པོ་བདུན་ཕྲག་གཅིག་རིང་ཉིན་མཚན་གཉིས་ཀར་ཉིན་ལན་གསུམ་དང་མཚན་ལན་གསུམ་བཅས་གྲྭ་བཙུན་ཚང་མས་དངོས་གྲུབ་སྒྲུབ་ཆེན་ཚུགས་ཀྱི་ཡོད་པ་དང༌། སྒྲུབ་ཆེན་འདི་ཉིད་ཚུགས་ནས་ལོ་ངོ་བཅུ་ཕྲག་གསུམ་ཡས་མས་ཙམ་འགྲོ་ཡི་ཡོད་ལུགས་གསུངས།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
སྤི་ཏི་ནས། ངག་དབང་བྱམས་པས།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 6

Leave a Reply