ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

གསང་རྣམ་ལ་ཁྱིམ་ཚང་དོན་ལྔ། གསང་རྣམ་ཞེས་པའི་གྲོང་པ་འདི་ནི་ལུང་པ་སུམ་མདོ་དང་ཆུ་བོ་ཉིས་འདུས་ཤིག་ན་ཆགས་ཡོད་ཅིང༌། གུང་རི་དགོན་པའི་རྒན་དྲི་མེད་བློ་གྲོས་ལགས་ཀྱིས་གསུངས་གསལ་ལྟར་ན། ཐོག་མའི་དུས་སུ་གྲོང་ཚོ་འདིའི་མིང་ལ་བསང་འགྲམ་ཞེས་ཟེར་གྱི་མེད་དམ་སྙམ། ཅིའི་ཕྱིར་ཞེས་ན། སྤི་ཏི་བས་གཙང་པོ་ལ་བསང་བོ་ཞེས་འབོད་ཅིང༌། གྲོང་ཚོ་འདི་གཙང་པོའི་འགྲམ་དུ་ཆགས་ཡོད་པས་དོན་ལ་གཙང་འགྲམ་ཡིན་སྲིད། རྗེས་སུ་གསང་རྣམ་ཞེས་འགྱུར་སོང་བ་མིན་ནམ་སྙམ་ཞེས་གསུངས་བྱུང༌། གསང་རྣམ་གྲོང་སྣེ་ལ་ཚ་ཚས་ཁེངས་པའི་ཁང་ཆུང་ཞིག་འདུག་པར་བཙུན་མ་ཟླ་བ་བཟང་མོས། དེ་ནི་སྔོན་མ་ཆོས་ལ་ཉམས་ལེན་ཆེ་བའི་གྲུབ་ཆེན་ལྟ་བུ་ཞིག་འདས་པའི་པུར་སྒྲོམ་ཡིན་པ་དང༌། དུས་རྒྱུན་ཉ་སྟོང་བརྒྱད་གསུམ་ལ་མཆོད་འབུལ་བྱེད་སྲོལ་ཡོད་ཅེས་དང༌། གསང་རྣམ་གྲོང་ཚོ་ནི་སྤྲིན་ཡུལ་ནང་གྲོང་རྒྱ་ཆེ་ཤོས་དེ་ཡིན་པ་རེད་ཅེས་གསུངས། གསང་རྣམ་གཡོན་ཕྱོགས་སྨུད་ནས་འབབ་པའི་ཆུ་བོའི་ཕ་རོལ་ན་མཁར་གུང་རི་དགོན་པའི་རྒན་དྲི་མེད་བློ་གྲོས་ལགས་ཀྱི་གསུང་དོན་ལ། འདི་ན་སྔོན་མ་རྒྱལ་པོའི་མཁར་ཡིན་གྱི་རེད། སྤྲིན་གྱི་ཡུལ་ལྗོངས་ཧྲིལ་པོའི་ནང་དུ་མཁར་རྫོང་ཟེར་བ་ཞིག་དང་བར་རྫོང་ཞེས་པའི་རྫོང་གཉིས་ཡོད། གསང་རྣམ་ཡས་ནས་སྨུད་ཀྱི་བར་དུ་མཁར་རྫོང་ནང་དུ་ཚུད། མི་ཁྱིམ་ནས་སྟེང་ཏི་བར་དུ་བར་རྫོང་ནང་དུ་ཚུད་ཀྱི་རེད་ཅེས་གསུངས། ལ་ཁྱིམ་ཚང་བཞི་བཅུ། དེ་ནས་ཡར་ཙམ་ལ་ཡེ་རྣམ་ལ་ཁྱིམ་ཚང་གཅིག དེ་ནས་ཡར་སོང་ན་སྟོད་རྣམ་ལ་ཁྱིམ་བཅུ་གཉིས། དེ་ནས་ཡར་སོང་ན་བསྟི་གླིང་གྲོང་ཚོར་ཁྱིམ་ཚང་བཞི་བཅུ། དེ་ནས་ཡར་ཙམ་ལ་སུམ་མདོ་ཞིག་གི་ཕར་ཕྱོགས་སུ་བཙུན་མའི་སྒྲུབ་ཕུག་ཡོད་ཅིང༌། དེའི་ཕུ་ནས་ཡར་སོང་ན་རི་ཁྱིམ་ཟེར་བའི་དབྱར་ས་ཞིག་ཡོད་པར་བཤད། གསང་རྣམ་ནས་སྨུད་ཀྱི་ཆུ་རྒྱུད་གཡས་ཕྱོགས་ནས་རླངས་འཁོར་ནང་དུ་སོང་ན་ཆུ་ཚོད་གཅིག་ཙམ་ནས་སྨུད་གྲོང་པར་འབྱོར་གྱི་ཡོད་ཅིང་སྨུད་ལ་ཁྱིམ་ཚང་སོ་གསུམ། དེའི་ཕ་རོལ་ན་ཕར་ཁ་ཞེས་པར་ཁྱིམ་ཚང་བཞི། སྨུད་ཀྱི་ཕུ་ན་གྲོང་པ་མེད་ཀྱང་དབྱར་ས་གནས་ལག་ཤང་གོང་མ་དང་ཤང་འོག་ཞེས་པ་དང༌། ར་ལུག་གསོ་སྐྱོང་བྱེད་མཁན་འབྲོག་པ་འགའ་ཡོད་ལུགས་གསུངས་བྱུང༌། ངག་རྒྱུན་ལ། སྤྲིན་གྱི་ཡུལ་འདི་ན་སྔོན་མ་གླིང་རྗེ་གེ་སར་རྒྱལ་པོ་ཕེབས་མྱོང་ཡོད་ཚུལ་ཤོད་སྲོལ་ཡོད་ཅིང༌། སྤྲིན་གྱི་གཙང་པོའི་ཕ་ཕྱོགས་མཁར་གྲོང་ཞེས་པའི་ཉེ་འགྲམ་ན་གེ་སར་རྟའི་ཞབས་རྗེས་ཡོད་པ་དང༌། གུང་རི་ཕྱོགས་ཀྱི་མཁར་དཔུན་ན་ཞེས་ལུང་པའི་ཕ་བོང་ཆེན་པོ་ཞིག་ཡོད་པ་དེར་གེ་སར་དང་འབྲེལ་བའི་མི་རྟ་གཉིས་ཀའི་ཞབས་རྗེས་ཡོད་ཅིང༌། མིའང་ཆེ་ཆུང་གཉིས་ལས་ཞབས་རྗེས་གཅིག་ཟོན་པའི་ཞབས་རྗེས་དང༌། གཅིག་ཞབས་རྗེན་པའི་ཞབས་རྗེས་ཡིན་ལ། ཡང་སྨུད་ཀྱི་ཕུ་ན་བྲག་དམར་པོ་ཞིག་ཡོད་ཅིང༌། དེ་ན་གེ་སར་གྱིས་སྲིན་མོ་ཞིག་བཏུལ་བ་རེད་ཅེས་ཟེར་སྲོལ་ཡོད་ལུགས་གུང་རི་རྒན་དྲི་མེད་བློ་གྲོས་ལགས་ཀྱིས་གསུངས་སོ།།    སྤི་ཏི་དགོན་ཁག་ལྔའི་གཉིས་པ་སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་ངམ་དཀར་མཛེས་ས་སྐྱ་དགོན་པ་འདི་ཉིད་ནི། སྤི་ཏི་དཀར་མཛེས་གྲོང་མགོ་སྨུག་པོ་གདོང་ཞེས་པའི་སྲ་ཞིང་མཁྲེགས་པའི་བྲག་རི་གནམ་ལ་སྙེག་འདྲ་བ་ཞིག་གི་འདབས་ན་མངོན་པར་བརྗིད་དོ། །དེ་ཡང་ངོར་ཁར་སར་ཞབས་དྲུང་རིན་པོ་ཆེའི་ཡོངས་འཛིན་རྒན་འཇམ་དབྱངས་ཡེ་ཤེས་མཆོག་གིས་གསུངས་དོན་ལ། དགོན་པ་འདི་རུ་སྤྱིར་གྲྭ་རྒྱུན་མང་དུ་འགྲོ་བ་དང་ཆབས་ཅིག་ྋགོང་ས་མཆོག་ཀྱང་སྤི་ཏིའི་ཕྱོགས་སུ་ཡང་ཡང་ཆིབས་སྒྱུར་གནང་སྐབས་དད་མོས་སྤྱི་མཚུངས་ལྟར་ཡང༌། བཞུགས་ཁང་སོགས་གང་ཅིའི་དཀའ་ངལ་ཆེ་སོང་ན། སྔར་ཡོད་གཙུག་ལག་ཁང་རྟེན་དང་བརྟེན་པ་སླར་ཡང་རྒྱ་སྐྱེད་གཏོང་རྒྱུར་མ་གྲོས་བསམ་པ་གཅིག་མཐུན་དུ་གྱུར་པ་རེད་ཅེས་གསུངས། ཉེ་ཆར་དགོན་གསར་གྲུབ་རྗེས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༠༧ ཕྱི་ཚེས་ ༠༩ ཉིན་ྋརྒྱལ་བ་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་མཆོག་བཀའ་དྲིན་ཆིབས་སྒྱུར་བསྐྱངས་ཏེ་དགོན་གསར་སྒོ་འབྱེད་མཛད་པ་དང༌། ཞེན་པ་བཞི་བྲལ་གྱི་བཀའ་ཁྲིད་དང༌། ཐུགས་རྗེ་ཆེན་པོའི་བཀའ་དབང་བཅས་གནང་ཞིང༌། སྐབས་དེར་ྋརྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ཕྱི་ཚེས་བཅུ་གཉིས་བར་ཞག་པོ་གསུམ་རིང་བཞུགས་ཡོད།
    དགོན་གསར་འདིའི་སྔོན་གྱི་མ་དགོན་ནི་ཕྱི་ལོ་ ༡༩༧༤ ལོར་ྋསྐྱབས་མཆོག་ངོར་ཁང་སར་མཁན་ཆེན་མཆོག་གིས་དཀར་མཛེས་གྲོང་མགོ་ད་ལྟ་དགོན་གསར་ཡོད་ས་དེ་རུ་གཙུག་ལག་ཁང་རྟེན་དང་བརྟེན་པ་གྲྭ་ཤག་དང་བཅས་པ་གསར་བཞེངས་གནང༌།
    ཕྱི་ལོ་ ༡༩༧༤ ལོའི་སྔོན་རོལ་ཏུ་ས་སྐྱ་དགོན་པ་འདི་ཉིད་དཀར་མཛེས་རྒྱབ་རི་མཐོན་པོ་འགྲུལ་རྩེ་ལ་ཞེས་པའི་ལ་ཐོག་གོ་མིག་ཅེས་པའི་ས་ཆར་ཡོད་པ་དང༌། དགོན་པའི་མིང་ལ་གོ་མིག་དགོན་པའང་འབོད་སྲོལ་སྣང༌། གོ་མིག་དགོན་ནི་བྲག་རི་མཐོན་པོ་གནམ་ལ་སྙེག་འདྲའི་འགྲུལ་རྩེ་ལའི་སྟེང་དུ་མངོན་པར་བརྗིད་ཀྱང༌། བར་སྐབས་ཤིག་ནས་ས་འགུལ་དང་འཐུང་ཆུ་ས་འོག་ཏུ་ཐིམས་པ་སོགས་ཀྱིས་གོ་མིག་དགོན་པ་གོང་འཁོད་ལོ་ཚིགས་དེ་ནས་དཀར་མཛེས་གྲོང་མགོར་འཕོ་འགྱུར་དུ་སོང་འདུག
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
སྤི་ཏི་ནས། ངག་དབང་བྱམས་པས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||