ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

སྐབས་དེ་དུས་ཡིན་མིན་ཇི་ལྟར་ཡང༌། དགོན་པ་གཅིག་རང་རིག་གྲོང་ཚོ་ནས་ཆུ་བོའི་ཕར་ཕྱོགས་དཀྱིལ་ཞེས་པའི་གྲོང་ཚོའི་གོང་ཕྱོགས་རི་དེའུ་ཞིག་ཡོད་པ་དེར་སྤོས་ཏེ། ད་ལྟ་དཀྱིལ་དགོན་ནོར་བུ་གླིང་ཞེས་དགེ་ལུགས་དགོན་པ་དེ་ཉིད་ཡིན་ལུགས་བཤད། ལེགས་པར་བསམ་ན། མངོན་དགའམ། རོང་ཀྲོང་ན་ཡོད་དུས་དགོན་པ་དེ་གཉིས་ཆོས་རྒྱུད་གང་ཡིན་བཤད་པར་དཀའ་ནའང༌། ལ་ལས། ད་ལྟའི་གནས་སྟངས་ལྟར་བསམས་ནས་སྐབས་དེའི་དགོན་པ་གཅིག་ས་སྐྱ་དགོན་པ་དང༌། གཅིག་དགེ་ལུགས་དགོན་པ་ཡིན་ཤག་ལྟ་བུ་བཤད་པར་སྣང༌། འོན་ཀྱང༌། སྐབས་དེར་ས་སྐྱ་དགོན་པ་ལྟ་བུ་ཞིག་ཡིན་ཆོག་ཀྱང༌། དུས་ཚོད་ལ་ལྟོས་ཏེ་དགོན་པ་གཅིག་དགེ་ལུགས་དགོན་པ་ཡིན་མིན་དཔྱད་དགོས་པར་སྣང་ལ། གལ་ཏེ། དུས་ཀྱི་དབང་གིས་སྐབས་དེར་དགེ་ལུགས་དགོན་པ་ཞིག་མིན་ཚེ། མངོན་དགའམ། རོང་ཀྲོང་ཕྱོགས་སུ་ཡོད་པའི་སྔོན་གྱི་དགོན་པ་གཉིས་ཀ་ས་སྐྱའི་དགོན་པ་ཡིན་མིན་ཡང་དཔྱད་དགོས་པ་ལྟ་བུ་ཞིག་ཡོད་དེ། དཔེར་ན། ས་ཆ་གཅིག་ལ་ས་སྐྱའི་དགོན་པ་གཉིས་མཉམ་དུ་བཞེངས་པའི་དགོས་པའང་ཧ་ཅང་གི་ཆུང་བ་ལྟ་བུར་སྣང་བས་སོ། །གཞན་ཡང༌། མངོན་དགའ་ནས་གོ་མིག་དགོན་དུ་ཕར་འཕོས་པའི་དགོན་པ་དེ་ཉིད་ས་སྐྱའི་དགོན་པ་ཡིན་མིན་དང༌། ཡང༌། མངོན་དགའི་དགོན་པ་འཕོ་སའི་གོ་མིག་དགོན་པ་དེ་ཉིད་ཀྱང་ས་སྐྱའི་དགོན་པ་ཞིག་ཡིན་མིན་དཔྱད་རྒྱུ་དང༌། གནས་ཚུལ་གཞན་ལ། གུ་གེའི་བླ་མ་ཆོས་དཔལ་བཟང་པོ་རང་ཉིད་ས་སྐྱའི་བླ་མ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མཆོག་གི་དངོས་སློབ་ཀྱིས་ས་སྐྱའི་བླ་མ་ཞིག་ཡིན་ན། ཁོང་གིས་དགོན་པ་གཉིས་ཟླ་སྒྲིལ་དུ་བཏང་སྟེ་ས་སྐྱའི་ཆོས་རྒྱུད་འཛིན་མཁན་ཞིག་ཏུ་བསྒྱུར་གནང་མཛད་པའང་ཡོང་སྲིད་པས་དཔྱད་གཞི་ཙམ་མོ།།) དགོན་པའི་མིང་ལ་སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་ཞེས་བཏགས་པར་གྲགས། དེ་ལྟར་ན། སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་ཞེས་པའི་དགོན་མིང་ནི་གུ་གེའི་བླ་མ་ཆོས་དཔལ་བཟང་པོས་བཏགས་གནང་མཛད་པ་དང༌། དུས་ཚོད་ནི་རབ་བྱུང་དྲུག་པའི་ཕྱི་ལོ་ ༡༣༨༢ ཀྱི་རྗེས་ནས་བྱུང་བར་མངོན། གང་ལགས་ཤེ་ན། གུ་གེའི་བླ་མ་ཆོས་དཔལ་བཟང་པོ་མཆོག་ནི་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང༌། ྋངོར་ཆེན་ཀུན་དཀའ་བཟང་པོ་རྣམ་གཉིས་ཀྱི་དངོས་སློབ་ཡིན་པར་གསལ་ཞིང༌། དེ་ཡང་ྋངོར་ཆེན་ཀུན་དགའ་བཟང་པོ་མཆོག་ནི་ཕྱི་ལོ་༡༣༨༢་༡༤༥༦བར་དུ་བྱོན་པའི་བླ་མ་ཞིག་ཡིན་ལུགས་ད་ལྟའི་ངོར་ཁང་སར་ཞབས་དྲུང་རིན་པོ་ཆེའི་ཡོངས་འཛིན་རྒན་འཇམ་དབྱངས་ཡེ་ཤེས་མཆོག་གིས་གསུངས།
སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་ཞེས་དགོན་མིང་མ་བཏགས་སྔོན་གྱི་དགོན་རྙིང་གོ་མིག་དགོན་པ་ནི། ད་ལྟའི་བར་དུ་ལོ་བརྒྱད་བརྒྱ་ནས་ཆིག་སྟོང་ཡས་མས་བར་དུ་སོང་བའི་དགོན་པ་ཞིག་ཡིན་ལུགས་འཁོད་འདུག རྒྱུ་མཚན་ནི། རྒན་འཇམ་དབྱངས་ཡེ་ཤེས་མཆོག་གིས། དེའང་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་ལ་སོགས་པའི་ནང་དུ་གཙོ་བོ་ལོ་ཆེན་རང་ཉིད་ཡུམ་གྱི་ཆེད་དུ་དམིགས་ཏེ་ལྷ་ཁང་བརྒྱ་རྩ་སོགས་བཞེངས་པའི་ལོ་རྒྱུས་ལ་གཞིགས་ན་ད་ལྟའི་སྟེང་བརྒྱུད་དགོན་པ་འདིའང་དེའི་གྲས་ཀྱི་ལྷ་ཁང་གཅིག་ཡིན་པ་བཤད་ཆོག་སྟེ། གང་ལགས་ཤེ་ན། སྔོན་གོ་མིག་དགོན་ཤུལ་དེར་མགོན་ཁང་སོགས་བསྐྱར་བཞེངས་ཆེད་ས་སློག་སོགས་བྱེད་སྐབས་རྒྱུན་རིང་ལྡན་པའི་དངོས་རྫས་དང༌། ཁྱད་པར་དུ་ལོ་ཆེན་རིན་ཆེན་བཟང་པོ་མཆོག་གིས་ཕྱག་བཏབ་པར་གྲགས་པའི་རྟ་ཕོ་དགོན་པའི་ལྷ་ཚུགས་སོགས་ཇི་ལྟ་བ་བཞིན་རྒྱལ་ཆེན་སྡེ་བཞི་སོགས་ཀྱི་སྐུ་བརྙན་ཆག་གྲུམ་སོགས་ད་ལྟའང་གྲོང་མི་རྙིང་གྲས་འགའི་ཁྱིམ་ལ་བདག་ཉར་བྱས་པ་སོགས་ལས་དཔོག་ཐུབ་སྙམ་ཞེས་གསུངས།
ད་ལྟའི་དུས་སུ། སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་དགོན་པའམ། དཀར་མཛེས་ས་སྐྱ་དགོན་པའི་མངའ་ཁོངས་ཀྱི་ཡུལ་སྡེ་ནི། གོ་དབང་དང༌། གོ་མིག ཡིད་ཁྱིམ། ལང་རྫ། སྐྱིད་གླིང༌། དཀར་མཛེས་སོགས་གྲོང་པ་མང་དུ་ཡོད་ཅིང༌། གྲོང་རྒྱ་ཆེ་ཤོས་ནི་དཀར་མཛེས་གྲོང་ཚོ་ཡིན་པ་དང༌། དཀར་མཛེས་ལ་ཐོག་མའི་དུས་སུ་ཁང་ཆེན་བཅུ་གསུམ་ཞེས་ཁྱིམ་ཚང་བཅུ་གསུམ་ཙམ་ལས་ཡོད་ཚོད་མི་འདུག་ཀྱང༌། རིམ་བཞིན་འཕར་ཏེ་དེང་དུས་དཀར་མཛེས་སྨུག་པོ་གདོང་གི་རི་འདབས་ལ་ཁྱིམ་ཚང་ཉིས་བརྒྱ་སོ་བརྒྱད་དང༌། འགྲུལ་རྩེ་ལའི་འདབས་ན་ཁྱིམ་ཚང་བརྒྱ་དང་དྲུག་ཅུ། ཁྱོན་སྡོམ་དཀར་མཛེས་གྲོང་པར་ཁྱིམ་ཚང་སུམ་བརྒྱ་གོ་བརྒྱད་ཙམ་ཡོད་ཅིང༌། དཀར་མཛེས་ནི་སྤི་ཏི་ཡུལ་གྱི་ཁྲོམ་ར་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་ཆེ་ཤོས་ཀྱི་གྲོང་ཁྱེར་ལྟེ་གནས་ཤིག་ཀྱང་ཡིན།
སྤི་ཏིའི་ཡུལ་བྱེ་བྲག་པ་དཀྱིལ་བར་ནི་སྤི་ཏི་ཕྱོགས་སུ་ཁ་མཐོ་ཤོས་ཀྱི་གྲོང་སྡེ་ཞིག་ཡིན་ཚོད་སྣང་ལ། དེ་ཡང་རྒྱ་མཚོ་ནས་དཀྱིལ་བར་བར་དུ་སྤྱིའི་མཐོ་ཚད་ལེ་དབར་ ༤༣༠༢ (4302 mts)ཡིན་པར་གསལ་ཞིང༌། དབྱར་ཀ་ཕྱི་ཟླ་བདུན་པའི་ནང་དུ་སྤི་ཏི་དཀར་མཛེས་གྲོང་པར་དྲོད་ཚད་མཐོ་ཤོས་ ༢༥ (Temp 25 C 0) ཙམ་ལ་སླེབས་ཀྱི་འདུག མ་གཞི་སྤི་ཏི་བའི་ཁ་རྒྱུན་ལ། དབྱར་ཉི་མ་ལྡོག་ན་མ་གཏོགས་དྲོ་རུ་མི་འགྲོ། དགུན་ཉི་མ་མ་ལྡོག་ན་གྲང་དུ་མི་འགྲོ་ཞེས་ཤོད་སྲོལ་ཡོད་ཟེར། ཡུལ་གྱི་ཐོན་ཁུངས་ལ། སྔོན་མ་སྤི་ཏི་ཕྱོགས་སུ་འབྲུའི་བྱེ་བྲག་ནས་ཀྱི་སྤུས་ཚད་ལ་གྲགས་པ་ཆེ་ཞིང༌། དེང་དུས་དངུལ་གྱི་ཡོང་སྒོ་ཆེ་ཤོས་ལ་ལྟོས་ཏེ་ས་ཞིང་ཕལ་ཆེར་སྲན་མ་འདེབས་སྲོལ་ཆེན་པོར་གྱུར་འདུག་པ་བཅས་སོ།།
ངག་དབང་བྱམས་པས། (ས་རཱ་མཐོ་སློབ།)

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||