ལི་ཐང་དུ་བོད་མིའི་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ།

སྤྱི་ཚེས་ལྔའི་གོང་རོལ་དུ་ཨོ་ཐོག་སྐྱ་བོ་མི་བདུན་ཁྲིམས་རྩོད་རྒྱག་སར་ཁྲི་འདུར་འགྲོ་བའི་ལམ་བར་དུ་འཛིན་བཟུང་གིས་འགྲོན་ཁང་ཞིག་ཏུ་བཀག་འགོག་བྱས་པ་དང༌།  སྤྱི་ཚེས་ ༦ ཉིན་སྒྲོལ་དཀར་དང༌། བདེ་ཆེན་སྒྲོལ་མ། གཡུ་སྒྲོན། སོགས་བུད་མེད་གསུམ་ཀྲུང་དབྱང་དུ་འགྲོ་བའི་ལམ་བར་ནས་འཛིན་བཟུང་གིས་ཡར་ཁྲིད་འདུག་པར་བརྟེན། ཨོ་ཐོག་དང༌། མགོ་ལོག་སྟོད་སྨད་སོགས་ནས་མི་མང་བརྒྱ་ཕྲག་མང་པོ་དུས་གཅིག་ཏུ་ཤང་དང་རྫོང་སོགས་སུ་གཅིག་འཇུག་གཉིས་འཐུད་དུ་སོང་ཞིང༌། ཁོང་ཚོས་ང་ཚོ་འདིར་འོང་དགོས་དོན་ནི། མི་བདུན་འཛིན་བཟུང་བྱས་པ་ཞིང་ཆེན་དུ་གཏོང་དགོས། ཁོང་ཚོ་མི་མང་གིས་འཐུས་མིར་བཏང་པ་ཡིན། ང་ཚོའི་རིན་པོ་ཆེར་ནག་ཉེས་ཡོད་ན་ཡོད་ཐག་ཆོད་པ་ཞིག་དང༌། མེད་ན་མེད་ཐག་ཆོད་པ་བྱེད་རྒྱུའི་ཆེད་ང་ཚོ་ཐམས་ཅད་འདིར་འོང་བ་ཡིན། ད་རེས་ཐག་འདི་འདྲ་ཞིག་ཆོད་སོང་ཟེར་པ་མ་བྱུང་གི་བར་དུ་ང་ཚོ་ཕྱིར་ལོག་རྒྱུ་མིན་ཞེས་ཨུ་ཚུག་མཐའ་སྐྱེལ་གྱིས་ཉིན་གང་ཤང་ནང་དང༌། རྫོང་ལམ་བར་སོགས་སུ་རྒྱ་དམག་གིས་བཀག་འགོག་བྱེད་ཞོར་དུ་འགྲོ་སྐྱོད་བྱས། ས་གནས་ལས་ཁུངས་སུའང་ཉིན་གང་མི་མང་བརྒྱ་སྐོར་ཞིག་གིས་ལས་ཁུངས་སྒོ་ཁར་སྒོ་ཉལ་བྱས་ཡོད་ཅིང༌། ལམ་ཆེན་གཡས་གཡོན་དུའང་ཉལ་སྡོད་བྱས། རྒྱ་དམག་གིས་དྲག་པོའི་འཇིགས་རྔམས་ཀྱི་མདུན་སར་མི་མང་གི་པུས་མོ་ས་ལ་གཙུགས་ཏེ་ལག་གཉིས་ཐེ་བོང་སྟོན་ཏེ་ངོ་གདོང་འཆི་མས་ཁེངས་ཤིང་ངུ་ངག་གིས་རིན་པོ་ཆེ་གློད་གྲོལ་གཏོང་རོགས་ཞེས་ཞི་བས་འབོད་སྐུལ་ཞུས་ཡོད་པ་ལས་དྲག་གནོན་བྱས་དགོས་པའི་ནོར་ཁྲུལ་གང་ཡང་བཟོས་མེད། དེ་ནུབ་མཚན་གང་ས་གནས་ལས་ཁུངས་སུ་སྒོ་ཉལ་རྒྱབ་ཡོད་འདུག རྫོང་ཐོག་ཏུ་མགོ་ལོག་སྟོད་པ་མི་བཞི་བརྒྱ་ཙམ་དང༌། ཨོ་ཐོག་ནས་ཀྱང་སྔ་ཕྱིར་གང་མང་འབྱོར་ཞིང༌། ཉ་ཐ་ངོ་སོགས་ནས་རྫོང་ཐོག་ཏུ་འོང་བ་ཉག་ཆུའི་སྨད་ཕྱོགས་སུ་དམག་མིས་བཀག་ཏེ་ཡར་རྫོང་ཐོག་ཏུ་ཡོང་བཅུག་མེད་ཅིང༌། རྒྱས་ཚུག་ཡར་གྲོང་མར་གྲོང་སོགས་ནས་རྫོང་ཐོག་ཏུ་ཡོང་བ་རྣམས་སྨྱུག་བྱིས་ལ་ཁར་རྒྱ་དམག་གིས་བཀག་འགོག་བྱས། ཉིན་དེར་འབྲོག་པའི་ས་ཁུལ་དང་རུང་བའི་ས་ཁུལ་སོགས་ཐམས་ཅད་ནས་མོ་བཀྲ་དང་རྦག་རྦག་སོགས་ནས་རྫོང་ཐོག་ཏུ་འགྲོ་བ་ཐམས་ཅད་བཀག་འགོག་བྱས་ཏེ་རྫོང་ཐོག་ཏུ་ཡར་མར་འགྲོ་སྐྱོད་བྱེད་པ་ལ་དཀའ་ངལ་ཆེན་པོ་བྱུང་ཏེ་མི་མང་ཚོར་ཟས་གོས་སོགས་ཀྱིས་དཀའ་ངལ་ཆེན་པོ་འཕྲད་ཡོད་ཅིང༌། མི་མང་རྣམས་ལ་ས་ཆ་གར་སར་ནས་རྫོང་ཐོག་ཏུ་སྐྱོད་སྐབས་གངས་རྒྱབ་ཡོད་ཅིང༌། ལམ་བར་ནས་རླང་འཁོར་དང་རྦག་རྦག་སོགས་གང་ཡང་མ་རག་པར་གོམ་སྒྲོད་བྱེད་མཁན་ཐམས་ཅད་རྫོང་ནང་དུ་ཐོན་ཐོན་གྱི་བར་ཉིན་མཚན་གཉིས་གསུམ་ཤིག་ཏུ་གོམ་པ་རྒྱག་ཞོར་ལམ་བར་ནས་ཟས་གོས་སོགས་གང་ཡང་མེད་པར་འཁྱག་ལྟོག་དཀའ་སྡུག་དུ་མར་མྱང་ཏེ་འགྲོ་བསྐྱོད་བྱས་ཡོད་ཅིང༌། རྫོང་ཡར་མར་དུ་རྒྱ་དམག་གིས་བཀག་འགོག་ཉིན་འགར་བྱེད་སྐབས་སུ་རྫོང་ཐོག་ཏུ་འགྲོ་བསྐྱོད་བྱེད་མི་ལ་ཟས་གོས་རག་ཐབས་མ་བྱུང་བས་ཡར་མར་མི་མང་ནས་མོ་བཀྲར་འབུད་ཤིང་གི་འོག་ཏུ་ཟས་གོས་སྦས་བཀུང་གིས་འོན་འདྲེན་བྱས་ཏེ་དཀའ་ངལ་སེལ་ཐབས་བྱས་ཡོད་འདུག གོམ་བགྲོད་དུ་བསྐྱོད་པའི་མི་མང་གི་ཁྲོད་དུ་རྒན་པོ་རྒན་མོ་ལོ་ན་དྲུག་ཅུ་བདུན་ཅུ་བརྒྱད་ཅུར་སོན་ཡོད་པའང་མང་པོ་ཡོད་འདུག
སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༥ ཉིན་རྫོང་ཐོག་ཏུ་འཛིན་བཟུང་བཙོན་འཇུག་པ་དེ་དག་གི་མཚན་ཐོ་ཤེས་རྟོགས་བྱུང་བ། གདུགས་དཀར་ཚེ་རིང༌། ཇ་ལིའི་འཇམ་འཕྲིན། ངག་དབང་ཆོས་གྲགས། རྒ་བ་ཚེ་རིང་དོན་གྲུབ། ལུག་རྫི་ཨ་རྦིས། རྒྱ་མེ་ཨ་ཤེར། ཨ་ཀ་རྡོ་རྗེ། ཨ་ནི་ཤེས་རབ་སྒྲོལ་མ། ཨ་ནེ་བདེ་སྦོ། ཨ་ནེ་གྲ་རྦེ། སྨད་ཐ་དབང་རྒྱལ། རྒ་རྗེ་དབང་ཕྱུག མཁས་རྦོ་ཚེ་རིང༌། རྡོ་རྗེ་མཁས་གྲུབ། འབྲུག་རྒྱ་ཐར། ངག་རྡེ། ལྷ་མ་དོན་འདིས། སྙན་གྲགས། ཚེ་བཀྲ་རྦུ་རྦུ། ངག་དབང་ཤེས་རབ། ཨ་ཕ་ནོར་བུ། འོད་ཟེར། ཨ་སྒྲ་ཨུ་རྦོ། བསྟན་འཛིན་ཟླ་བ། སྦྱིན་པ། བཀྲ་ཤིས་ཚེ་འཕེལ། སྙན་གྲགས། བློ་བཟང་དོན་གྲུབ། སྐལ་བཟང་ལྷ་སྐྱིད། ཨ་ཞེས། བུ་མོ། བསྟན་འཛིན་འཕྲིན་ལས། ལྷ་མ་ཆོས་འབྲུག་སོགས་མིང་དངོས་སུ་རྩད་གཅོད་ཐུབ་པ་འདི་དག་དང་ད་དུང་རྩད་གཅོད་མ་ཐུབ་པ་སྐབས་དེར་འཛིན་བཟུང་བྱས་པའི་མིང་དང་གྲངས་ཚད་སོགས་ཚོད་དཔག་བྱེད་ཐུབ་པ་དཀའ་མོ་རེད་འདུག འཛིན་བཟུང་བྱས་མི་དང་མི་མང་ནང་དུ་རྫོང་ཁག་གཉིས་ཀྱི་མི་སྣ་ཡོད་ཅིང༌། རྫོང་གཉིས་པོ་ནི་ལི་ཐང་རྫོང་དང་ཉག་ཆུ་རྫོང་གཉིས་རེད། ཉག་ཆུ་རྫོང་ས་གནས་གང་དང་གང་ནས་ཡིན་མིན་རོབ་ཙམ་ཞུས་ན། ཨོ་ཐོག་འབྲོག་སྡེ་ལ་ཤང་གཉིས་ཡོད་པའི་ཧོ་ལུང་ཤང་དང༌། ཁུ་ལ་ཤང་གཉིས་ཀྱི་སྡེ་ཁག་དྲུག་གི་མི་མང་དང༌། དེ་ཚ་སྟོད་སྨད་བར་གསུམ། ཉ་པ་གྲོང༌། ཐ་ངོ་གྲོང༌། རྐེ་ཆུ་ཁ་གྲོང༌། ལྷུང་ཞབས་གྲོང༌། འདུས་པུ་ཙི་གྲོང༌། འགོ་ལོག་སྟོད་གྲོང་སྡེ་གསུམ་གྱི་མི་མང་དང༌། འགོ་ལོག་བར་གྱི་རྒྱས་ཚུགས་ཡར་གྲོང་མར་གྲོང་དང་མགོ་ལོག་སྨད་དགོན་སེར་གྲོང་པ། དབུང་འདེན་འདོ་བ། སྤོ་བ་གྲོང་པ། འཇོང་རྐོག་རྡོ། མ་ར་ཚོ་པ་གྲོང༌། ཉག་རྐེ་གྲོང༌། ཐང་ཆུ་ཐང་རྒན་གྲོང༌། འབྲུ་པག་རྡུ། ག་ར་ཕྱིས་པ། སྤུན་ཟླ་གྲོང་པ། འོ་རུང་ཕྱིས་པ། པེ་མཛེས་གྲོང་སོགས་དང༌།
དེ་བཞིན་དུ་ལི་ཐང་རྫོང་འོག་ནས། བདེ་སྐྱིད་གྲོང༌། ཚེ་མགོན་མ། མོ་ལ་སྟོད་སྨད། ཚོ་གསུམ་སོགས་ནས་འོང་ཡོད་འདུག          དེ་རིང་མི་མང་རྫོང་ཐོག་ཏུ་སྐྱོད་དེ་རྒྱ་གཞུང་ལ་ཞུ་འབུལ་ལམ་བདེ་སྡུག་གམ་རེ་འདུན་ཞུས་པར་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། མི་མང་གི་རེ་འདོན་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་དཀྲོལ་གཏོང་དགོས་པ་དང༌། ཁོང་ལ་དྲང་བདེན་གྱི་ཁྲིམས་ཐག་གཅོད་དགོས་པ་དང༌། རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་བརྒྱད་ཙམ་སོང་ཡོད་ཀྱང༌། ད་བར་ཉེས་པ་ཡོད་པ་རེད་ཟེར་ནས་མ་ཉེས་ཁག་གཡོག་བྱས་པ་ཞིག་ལས་ནག་ཉེས་ཡོད་པའི་དཔང་རྟགས་གང་ཡང་བསྟན་རྒྱུ་ཡོད་པ་མ་རེད། ཉིས་སྟོང་བདུན་ལོའི་བོད་ཟླ་དྲུག་པར་མི་མང་གིས་སླར་ཡང་ཁྲིམས་གཏུག་དྲང་བདེན་ཐག་གཅོད་བྱེད་དགོས། ཁོང་ལ་ནག་ཉེས་ཡོད་པའི་དཔང་རྟགས་བསྟན་ཡ་མི་འདུག་ཅེས་མི་མང་སྟོང་ཕྲག་མང་པོས་རི་སྐྱབ་ཀྱི་སར་སྐད་འབོད་དུས་གཅིག་ཏུ་རྒྱབ་ཡོད་ཀྱང༌། རྒྱ་གཞུང་གིས་མི་མང་གི་བདེ་སྡུག་ལ་ལྟ་རྒྱུའི་ཚབ་ཏུ་མི་མང་གང་བྱུང་གི་འཛིན་བཟུང་བྱས་ཏེ་དཔང་རྟགས་བསྟན་ཡ་ཡོད་ཅེས་ཛ་དྲགས་ཀྱི་སྐབས་དེར་གློག་བརྙན་རྫུན་མ་ཞིག་ཀྱང་བཟོས་ཏེ་མི་མང་ལ་བཙན་དབང་གིས་བསྟན་ཡོད་ནའང༌། རྫུན་བསྒྲིགས་འབའ་ཞིག་བྱས་པ་ཞིག་ལས་བདེན་དཔང་གང་ཡང་མེད་པར་མི་མང་གིས་ངོས་འཛིན་བྱས་ཡོད་པ་རེད། ད་རེས་ཀྱང་ནག་ཉེས་ཡོད་པའི་དཔང་རྟགས་བསྟན་རྒྱུ་མི་འདུག་པས་གློད་གྲོལ་གཏོང་དགོས་པའི་བདེ་སྡུག་ཞུ་འབུལ་བྱེད་དུ་སོང་བ་ལས་ཁྲིམས་འགལ་གྱི་ལས་དཀའ་གང་ཡང་བྱས་མེད། རྒྱ་དམག་གི་བཀག་འགོག་གི་སྐབས་སུའང་མི་མང་གི་ངོ་གདོང་མིག་ཆུས་གང་ཞིང༌། ངུ་སྐད་ཀྱི་སྐད་སྒྲ་དང་ལག་པས་ཐལ་མོ་སྦྱར་བ་དང༌། འཐེ་བོང་བསྟན་པ་དཔུས་མོ་ས་ལ་གཙུག་ནས་ངུ་ངག་གི་ལམ་ནས་རྒྱལ་ཁབ་ཀྱིས་མི་མང་གི་བདེ་སྡུག་ལ་ལྟ་གི་ཡོད་ན་རིན་པོ་ཆེ་གློད་གྲོལ་གཏོང་རོགས། ང་ཚོ་འདིར་ངོ་ལོག་རྒྱག་ཏུ་འོང་བ་མིན། ང་ཚོ་བདེ་སྡུག་ཞུ་རུ་འོང་པ་ཡིན། བདེ་སྡུག་ཞི་བའི་སྒོ་ནས་ཞུས་ཡོད་ཀྱང་དྲག་པོའི་དཔུང་དམག་བཏང་ནས་ཉེས་རྡུང་མནར་གཅོད་ཚད་ལས་རྒལ་བ་བཏང་སྟེ། ཁྲག་གི་འཁོར་ལོ་བསྐོར་ཡོད་པ་རེད།
གཞན་ཡང་འཛིན་བཟུང་བྱས་ཤུལ་དུ་ས་ཆར་ཁྲག་གིས་གཡོག་པ་དང༌། སྐྲ་དང་བཅའ་དངོས་གཏོང་ཡོད་པ་དང༌། རྦག་རྦག་མང་པོ་འཕྲོག་བཅོམ་བྱས་ཡོད་པ་དེ་དག་ཐམས་ཅད་གཏོར་གཅོམ་བཏང་འདུག་ཅིང༌། མིས་མི་མཐོང་བའི་ཆེད་དུ་ཆུ་ཁྱེར་མོ་བཀྲས་ཆུས་ཁྲུས་ཏེ་གཙང་མ་བཟོ་དགོས་པའི་དྲག་གནོན་བྱས་ཡོད་པ་མངོན་སུམ་དུ་མཐོང་མཁན་བྱུང་ཡོད་ཅིང༌།    རྫོང་ཡར་མན་དུ་རྒྱ་དམག་གིས་མི་མང་རྫོང་ཐོག་ཏུ་བཀག་འགོག་གིས་རྫོང་ཐོག་ཏུ་ཟ་ཁང་དང་ཚོང་ཁང་ཐམས་ཅད་སྒོ་རྒྱབ་དུ་བཅུག་ཏེ་མི་མང་ལས་འགུལ་བ་ཚོས་བཟའ་བཏུང་རག་ཐབས་མེད་པའི་ཐབས་ཤེས་བཏང་བ་མ་ཟད། འགྲོན་ཁང་དག་དུ་འགྲོན་པོ་གང་ཡོད་གང་བྱུང་གིས་འཛིན་བཟུང་བཙོན་འཇུག་གང་འདྲ་བྱས་ཡོད་པ་མ་ཤེས་པའི་གནས་ཚུལ་མང་པོ་ཡོད་འདུག་ཅིང༌། མི་མང་ཞུ་གཏུག་པ་ཚོར་བཟའ་བཏུང་མ་རགས་པའི་དཀའ་ངལ་སེལ་ཆེད་ཉ་ཐ་ངོའི་ཚོང་པ་མང་པོས་མགྱོགས་ཐུག་མོ་བཀྲ་གང་མང་ཚོགས་སུ་བཀྲམས་ཏེ་དཀའ་ངལ་སེལ་ཐབས་བྱས་ཡོད་པ་རེད།       དེ་བཞིན་དུ་མི་མང་ལ་རྩམ་པ་དང་བག་ལེབ་སྤྲད་དེ་རྒྱབ་སྐྱོར་མཚོན་ཆེད་གནང་བའང་མང་པོ་འདུག སྤངས་སྦྲུལ་ལྕེ་རུ། མ་འདོན་ཚོགས་ཡོད་པའི་རྒན་པོ་རྒན་མོས་མང་ཚོགས་སུ་མཉམ་ཞུགས་བྱས་ཡོད་པ་རེད་འདུག
སྤྱི་ཚེས་དགུའི་ཉིན་གྱི་གནས་ཚུལ། ཉིན་གུང་ཆུ་ཚོད་ ༣ རྒྱབ་ཏུ་མི་མང་ཕྱིར་ལོག་མ་བྱས་ཚེ། འཛིན་བཟུང་བཙོན་འཇུག་བྱེད་རྒྱུའི་བཀའ་ཁྱབ་བསྒྲགས་ཡོད་ཅིང༌། མོ་བཀྲའི་ཐོག་ནས་རྒྱ་སྐད་དུ་ཅིའི་འབོ་དང༌། རྒྱང་བསྒྲགས་ཀྱི་ནང་ནས་རྫོང་ཐོག་གང་སར་སྒྲ་སྐད་གྲགས་བཞིན་འདུག མི་མང་གི་དཀྱིལ་དུ་ད་གང་འདྲ་བྱེད་དགོས་མིན་གྱི་གྲོས་མོལ་བྱེད་བཞིན་ཡོད་ཅིང༌། མང་ཆེ་བས་ད་གང་འདྲ་བྱུང་ནའང་བྱུང་ཟེར་བཞིན་འདུག སྐབས་དེར་རྫོང་ཡར་མར་དུ་མི་མང་མཉམ་འཛོམས་ཀྱི་གྲངས་ཚད་ཚོད་དཔག་རོབ་ཙམ་བྱས་ན། མི་མང་ ༡༠༠༠ ལྷག་ཙམ་མཉམ་འཛོམས་བྱས་འདུག་ཀྱང་གྲངས་ཀ་ངེས་ཅན་ཞིག་ད་དུང་ཡང་ཚོད་དཔག་བྱེད་ཐུབ་ཀྱི་མི་འདུག
མི་མང་གི་འཐུས་མི་ཞིང་ཆེན་དུ་གྱོད་གཏུག་བྱེད་དུ་ཕེབས་པ་རྣམས་དཀར་མཛེས་ཀྲུའུ་རུ་མར་ཁྲིད་ཡོང་ནས་རྫོང་དང་ཀྲུ་ཞིང་ཆེན་གསུམ་གྱི་ཆེ་མཐོའི་མགོ་ཁྲིད་ཐམས་ཅད་དང་མཉམ་དུ་ཚོགས་འདུ་བགྲོ་གླེང་དང་བདེ་སྡུག་གང་འདྲ་ཡོད་པ་བཤད་དུ་བཅུག་ཡོད་ཅིང༌། འཐུས་ཚབ་དག་གིས་བླ་མ་གློད་གྲོལ་གཏོང་དགོས་པ་དང༌། འཛིན་བཟུང་གི་སྐབས་ནག་ཉེས་ཡོད་པར་བྱས་པ་དེ་དག་ལ་དཔང་རྟགས་གང་ཡང་བསྟན་ཡ་མེད་ཚུལ་དང༌། འཛིན་བཟུང་བྱས་ནས་ལོ་ ༨ ཙམ་སོང་ཡོད་ཅིང་དགུང་ལོ་ ༦༠ ཉེ་བ་དང་སྙིང་རློང་གི་ན་ཚ་ཡོད་པར་བརྟེན། རབ་ན་གློད་གྲོལ་དང་དེ་མིན་ཁག་ཐག་འགེན་ལེན་གྱི་འོག་བཙོན་འོག་ཏུ་སྡོད་མི་དགོས་པར་ཕ་ཡུལ་དུ་རང་དབང་གི་བཞུགས་ཆོག་པའི་བདེ་སྡུག་སོགས་མང་པོ་བཤད་ཡོད་ཅིང༌། རྫོང་ཐོག་ནས་ཀྲུའུ་ལ་ཞུ་གཏུག་པ་དག་མར་ཁྲིད་དུ་འོང་མཁན་གྱི་རྫོང་དཔོན་ཞིག་ཡོད་པ་དེས་དང་པོར་འཐུས་ཚབ་དག་ལ་འཇིགས་བསྐུལ་འདྲ་བོ་བྱས་ཁུལ་བྱས་ཡོད་ཀྱང༌། ཁོང་ཚོས་ང་ཚོ་འདིར་ཡོང་བ་རང་ཐག་ཆོད་ནས་འོང་བ་ཡིན་པས་ད་རེས་ཐག་བཅོད་ལེགས་པོ་ཞིག་མ་བྱས་ན་ང་ཚོ་ཕྱིར་གཏན་ནས་ལོག་རྒྱུ་མིན་ཚུལ་སོགས་མང་པོ་བཤདཔས། རྫོང་དཔོན་དེས་ཀྲུའུ་དང་ཞིང་ཆེན་གྱི་འགོ་ཁྲིད་ཐམས་ཅད་ལ་ང་རང་ས་གནས་འདིར་སྡོད་དགོས་ན་འདིར་ཡོད་དཔོན་རིགས་ཐམས་ཅད་གྱིས་ཐག་བཅོད་ལེགས་པོ་ཞིག་བྱེད་དགོས། རྒྱུ་མཚན་ནི་བླ་མ་འཛིན་བཟུང་གི་རྐྱེན་པས་མི་མང་གི་སེམས་ལ་རྨ་ཁ་ཆེན་པོ་བཟོ་སྟེ་ས་ཆ་འདིར་ལས་དོན་གང་བྱེད་དགོས་ཀྱང་དཀའ་ལས་ཧ་ཅང་ཁག་པ་སོགས་ཡར་བཤད་མར་བཤད་ཀྱི་མཐར་ནག་ཉེས་ཡོད་ཀྱང་སྐད་ཆ་བཤད་དེ་ཐག་གཅོད་ལེགས་པར་བྱེད་ཆོག་གི་རེད། ཡིན་ནའང་ཁོང་རང་མོས་ཀྱི་འདོད་པ་དགོས་པ་དང༌། ཁྲིམས་ཐག་གི་དཔང་ཡིག་སོགས་སྤྲད་ནས་མི་མང་འཐུས་ཚབ་རྣམས་རླང་འཁོར་དུ་བཅུག་སྟེ་ཕྱིར་རང་གནས་སུ་སྐྱལ་ཡོད་པ་རེད་འདུག
སྤྱི་ཚེས་ ༡༠ ཉིན་གྱི་གནས་ཚུལ། རྒྱ་གཞུང་གིས་བླ་མ་དང་གྲྭ་པ་རྒན་པ་དྲུག་བདུན་ཙམ་ལ་མི་མང་རྣམས་ཕྱིར་རང་རང་གི་སར་ལོག་དགོས་པའི་བསླབ་བྱ་རྒྱག་དགོས་པའི་བཙན་བཀའ་བཏང་པ་ན་ཁོང་རྣམས་ཀྱིས། སྐུ་ཞབས་རིན་པོ་ཆེའི་གནད་དོན་དེ་ཐག་གཅོད་ལེགས་པོར་བྱེད་ངེས་ཡིན་ན་ང་ཚོས་བསླབ་བྱ་རྒྱབ་ཆོག་ཀྱང་མི་མང་གི་བསམ་འཆར་སྣང་མེད་དུ་བཏང་ན་བསླབ་བྱ་གཏན་ནས་རྒྱག་རྒྱུ་མིན་ཅེས་ཆུ་ཚོད་གསུམ་བཞི་ཞིག་ལ་རྒྱ་དཔོན་དག་གི་མཉམ་དུ་གྲོས་མོལ་གྱི་མཐར། ཐག་བཅོད་བྱུང་བ་ནི། ཁྲིམས་གཏུགས་ཀྱི་དོན་དུ་མི་རེ་གཉིས་རེ་རིམ་པ་འོག་མ་ནས་གོང་མར་རིམ་གྱིས་ཡར་ཞུ་བྱས་ཆོག་པ་མ་ཟད་མི་རིང་བར་ཞིང་ཆེན་དང་ཀྲུའུ་སོགས་འདིར་ཞིབ་འཇུག་བྱེད་དུ་འོང་པ་ཡིན་པས་ང་ཚོས་རྒྱབ་སྐྱོར་དང་རོགས་པ་བྱེད་ཆོག་ལ། ཁྱེད་རང་ཚོས་ཀྱང་གནས་ཚུལ་དང་བདེ་སྡུག་བཤད་ཆོག་གི་རེད། སྔར་ཁྲིམས་གཅོད་ཀྱི་དཔང་ཡིག་གཉེན་ཉེ་དག་ལ་སྤྲད་མེད་ནའང་ད་རེས་དཔང་ཡིག་སྤྲད་ཡོད་པ་དང༌། ཕྱིན་ཆད་ཟླ་རེ་ནང་ལི་རྫོང་དང་ཉག་རྫོང་རེ་མོས་ཀྱིས་གཉན་ཉེ་གཉིས་རེ་རིན་པོ་ཆེར་ཐུག་འཕྲད་དུ་འགྲོ་ཆོག་པའི་ཆོག་མཆན་སྤྲོད་རྒྱུར་བྱས་པ་དང་བཙོན་དུ་བཅུག་ཡོད་པ་དེ་དག་ལས་འགའ་ཤས་མ་གཏོགས་བཏང་ཡོད་པ་དང༌། འགའ་ཤས་ཉིན་བདུན་གྱི་རྗེས་སུ་བཏང་རྒྱུར་བྱས་ཡོད་འདུག
༢༠༠༩ ༡༢ ༡༡ ཉིན་གྱི་གནས་ཚུལ། ཉག་ཆུ་རྫོང་ཁུལ་དུ་ཤིང་དང་ཞིང་ཆེན་དང་དཀར་མཛེས་དཀྲུའུ་རྫོང་གསུམ་གྱི་རྒྱ་སྐད་དུ་པ་ཝང་ཟེར་བ༌། ཁྲིམས་ཁང་གི་ལས་བྱེད་དང་ཤིང་དང་སྡེ་མིའི་སྡེ་དཔོན་དང༌། མི་མང་གི་འཐུས་མི་ཐམས་ཅད་མཉམ་འཛོམས་ཀྱིས་ཚོགས་འདུ་ཚོགས་ཡོད་ཅིང༌། སྐབས་དེར་མི་མང་གིས་བསམ་འཆར་ཤུགས་ཆེན་བཤད་ཡོད་ཅིང༌། ཤིང་གི་མགོ་ཁྲིད་ཚོས་ཀྱང་མི་མང་དང་མཉམ་དུ་ཞུ་འབུལ་བྱེད་ཁུལ་གྱིས་གྱོད་དོན་འདི་མི་མང་གི་བསམ་འཆར་ལྟར་ཐག་གཅོད་ལེགས་པོ་ཞིག་བྱེད་རོགས་ཅེས་བོད་ཀྱི་གཏམ་དཔེ་ཞིག་ལ། ཝ་འཆི་ཁ་དང་ཕོ་རོག་གིས་ཟ་ཁུལ་ཟེར་བ་ལྟར་གྱི་འཁྲབ་སྟོན་ཞིག་བྱས་ཡོད་པ་རེད། ཞིང་ཆེན་དང་ཀྲུའུ་དང་རྫོང་སོགས་རྒྱ་སྐད་དུ་བ་ཝང་ཅེས་ཁྲིམས་ཁང་སོགས་ནས་འོང་བའི་དཔོན་རིགས་ཚོས་རིན་པོ་ཆེ་ལ་ནག་ཉེས་མེད་པ་མ་རེད། ནག་ཉེས་ཡོད་པ་རེད་ཚན་རིག་དང་མཐུན་པའི་བཏགས་དཔྱད་བྱས་འབྲས་སུ་ནག་ཉེས་ཡོད་པ་ར་སྤྲོད་བྱུང་བའི་དཔང་རྟགས་གསལ་བོ་བསྟན་ཡ་ཡོད་ཅེས་འཇིགས་བཀུལ་དང་བཅས་བརྗོད་ཡོད་པ་རེད། ཉིན་དེར་ཡར་མར་བཤད་བཤད་ཀྱི་མཐར་ཟླ་རེ་ནང་རིན་པོ་ཆེར་ཐུག་འཕྲད་རེར་བྱེད་དུ་ཆོག་ཚུལ་དང༌། མགོ་དང་རྐང་ལག་སོགས་སུ་ཁབ་ཚུག་བརྒྱད་དགུ་ཙམ་རྒྱག་དགོས་པ་མང་པོ་བྱུང་ཡོད་པ་དེ་དག་སྨན་བཅོས་བྱེད་རྒྱུའི་འགན་ལེན་བྱས་ཡོད་པ་དང༌། རྦག་རྦག་གཅག་གཏོར་བྱས་ཡོད་པ་དེ་དག་བཟོ་བཅོས་བྱེད་རྒྱུར་བྱས་ཡོད་པ་དང༌། འཛིན་བཟུང་ཉེས་བརྡུང་གི་སྐབས་སུ་དངུལ་ཁུག་འགའ་བོར་རླག་ཏུ་སོང་ཡོད་པ་དེ་དག་གི་སྐྱིན་ཚབ་སྤྲོད་རྒྱུར་བྱས་འདུག ཕྱིས་སུ་མི་ལྔ་དྲུག་རེ་ཤིང་དང་རྫོང་སོགས་ཀྱི་རྒྱབ་སྐྱོར་གྱིས་རིམ་པ་འོག་མར་རིམ་རྒྱུད་ཀྱི་ཐག་གཅོད་ཡག་པོ་ཞིག་བྱེད་ཆོག་གི་རེད་ཅེས་བཤད་ནས་ཚོགས་འདུ་གྲོལ་ཡོད་པ་རེད།
མི་མང་ཕྱིར་ལོག་གི་གནས་ཚུལ་ལ་དཔྱད་ཞིབ།  གནད་དོན་འདི་ནི་འཇིགས་སྣང་དང་མགོ་བསྐོར་གཉིས་ལ་བརྟེན་ནས་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པར་སྙམས་ཏེ། སྐབས་དེར་རྒྱ་གཞུང་གིས་སྐད་ཆ་གཉིས་བཤད་ཡོད་པ་ནི། ཕྱོགས་གཅིག་ནས་ག་ལེར་སྐད་ཆ་བྱེད་ཆོག་ཚུལ་གྱི་ཟླ་རེ་ཐུག་འཕྲད་བྱེད་དུ་འཇུག་རྒྱུ་ཡིན་ཚུལ་དང༌། མི་མང་གི་རེ་འདོན་ལྟར་ཁྲིམས་བཅད་ཀྱི་དཔང་ཡིག་སྤྲད་པ་དང༌། མི་ཉུང་ཤས་ཤིག་རིམ་པ་འོག་མར་རིམ་རྒྱུད་ཀྱིས་བདེ་སྡུག་ཞུ་རུ་འགྲོ་བ་ལ་བྱམ་ནས་འོག་མ་འོག་མས་རྒྱབ་རོགས་བྱེད་ཆོག་ཚུལ་སོགས་ཀྱི་མགོ་བསྐོར་དང༌། ཕྱོགས་གཞན་ཞིག་ནས་དུས་ཚོད་འདི་འདྲ་ཞིག་ཏུ་ཕྱིར་ལོག་མ་བྱས་ཚེས་དྲག་གནོན་བྱེད་ཀྱི་ཡིན་ཞེས། རྫོང་ཐོག་ཏུ་རྒྱང་གྲགས་ཐོག་ནས་བསྒྲག་གཏམ་ཤུགས་ཆེར་སྤེལ་བཞིན་པ་མ་ཟད། རྫོང་སྟོད་སྨད་བར་གསུམ་ནས་དྲག་དམག་འཕར་སྣོན་བཏང་ཏེ་ཛ་དྲག་གི་དུས་མཚམས་དེར། བླ་མ་སོགས་གནད་ཡོད་ཀྱི་མི་སྣ་འགར་བར་སྡོད་བྱེད་དུ་གཅུག་ཡོད་ཅིང༌། རྒྱ་གཞུང་གིས་ཁྱེད་ཚོས་སློབ་གསོ་རྒྱབ་ཏེ་མི་མང་ཕྱིར་འཐེན་བྱས་ན་ང་ཚོས་རིམ་གྱི་ཐག་གཅོད་ལེགས་པར་བྱེད་ཆོག་ཀྱང༌། དེ་མིན་ཆུ་ཚོད་དགུ་བར་སོན་ན་ཁྲིམས་ལུགས་ལག་སྟར་བྱ་རྒྱུ་ཡིན་ཅེས་དུས་ཚོད་བཟོས་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ཛ་དྲག་གི་གནས་སྟངས་དེ་དག་ལས་སྐྱོབས་རྒྱུའི་ཆེད་དུ་མི་མང་གི་ཡིད་ཆེས་བྱ་སའི་གནད་ཡོད་ཀྱི་མི་སྣ་དག་གི་མི་མང་ཕྱིར་འཐེན་བྱེད་དུ་གཅུག་པ་ཞིག་ལས། མི་མང་གི་རེ་བ་གྲུབ་ནས་ཕྱིར་ལོག་བྱས་པ་ཞིག་གཏན་ནས་མ་རེད། མི་མང་གི་ཡིད་ཆེས་བྱ་སའི་གནད་ཡོད་ཀྱི་མི་སྣ་དེ་དག་གིས་འཇིགས་བསྐུལ་གྱི་ཉེན་ཁར་གཟིགས་ནས་མི་མང་ཕྱིར་ལོག་བཏང་བ་ཞིག་ལས་མི་མང་རང་འགུལ་ཕྱིར་ལོག་བྱས་པ་ཞིག་གཏན་ནས་མ་རེད། སྐབས་དེར་དཀར་མཛེས་ཀྲུའུ་དཔོན་རིགས་ཁག་གཅིག་མི་མང་དང་དངོས་སུ་ཐུག་འཕྲད་ཀྱིས་སྐད་ཆ་བཤད་ཡོད་ཀྱང༌། མི་མང་གིས་ངུ་འབོད་དང་འཐེ་བོང་བསྟན་ནས་ནག་ཉེས་མེད་ཚུལ་དང་ཡོད་པའི་དཔང་རྟགས་གང་ཡང་བསྟན་རྒྱུ་མེད་པའི་སྐད་འབོད་ཤུགས་ཆེན་རྒྱབ་པས་སྐད་ཆ་ར་འཕྲོད་ཐབས་མ་བྱུང་བར་ཀྲུའུ་ཡི་དཔོན་པོ་རྣམས་ལངས་ཏེ་འགྲོ་དགོས་བྱུང་ཡོད་པ་རེད།
སྤྱི་ཚེས་ ༡༣ ཉིན་མི་བཅུ་ཙམ་གློད་གྲོལ་ཡོད་ཀྱང་ད་དུང་མི་ཉི་ཤུ་ཙམ་གློད་གྲོལ་བཏང་མེད་པ་རེད། མི་བཅུ་ཙམ་བཏང་པ་དེ་དག་ལ་ཉེས་བརྡུང་ཚབ་ཆེན་བཏང་ཡོད་པ་རེད་ལ། མགོ་ལུས་རྐང་གསུམ་དུ་སྔོ་ཐིག་དང་ཁབ་ཚུག་ལྔ་དྲུག་རེ་ལེན་དགོས་པའི་ཉེས་བརྡུང་ཚབ་ཆེན་བཏང་ཡོད་པ་རེད་འདུག བཙོན་ཁང་དུ་དེ་དག་འཛིན་བཟུང་བྱས་པ་དེ་དག་ལ་ཟས་གོས་སྤྲད་མེད་པ་དང༌། འཁྱག་ལྟོག་གི་སྡུག་བསྔལ་ཚད་ལས་རྒལ་བ་མྱང་ཡོད་འདུག་ཅིང༌། ཉེས་བརྡུང་ཡང་བཟོད་དུ་མེད་པ་བཏང་འདུག་ལ། ད་དུང་གློད་གྲོལ་བཏང་མེད་པ་ཐམས་ཅད་ཀྱང་བཙོན་ཁང་དུ་བཀའ་སྡུག་གཅིག་པར་མྱང་ཡོད་པ་རེད། ད་དུང་གློད་མེད་པའི་མི་སྣ་དེ་དག་ལས་མི་བརྒྱད་ཀྱི་མིང་ཤེས་རྟོག་བྱུང་བ་ནི་འདི་ལྟར། ཇ་ལིའི་འཇམ་འཕྲིན་དང༌། རྒ་བ་ཚེ་རིང་དོན་གྲུབ། ཨ་ནེ་ཤེས་རབ་སྒྲོལ་མ། ཨ་ནེ་གྲ་རྦེ། མཁས་པོ་ཚེ་རིང༌། སྦྱིན་པ། བསྟན་འཛིན་འཕྲིན་ལས། བློ་བཟང་དབང་འདུས་བཅས་རེད་འདུག

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||