ཆོས་ལུགས་ཁག་ནི་འཛམ་གླིང་ཞི་བདེའི་ཆེད་ཡིན། (སྡེ་ཚན་གཉིས་པ།)

ངས་འགྲོ་བ་མི་རིགས་ཀུན་གྱི་བདེ་ཐབས་བསྐྱར་གསོ་ཡོང་བ་དང༌། རྒྱལ་སྤྱིའི་སྒྲིག་འཛུགས་ཚང་མ་དམིགས་བསལ་དུ་མཉམ་སྦྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་གོ་རྟོགས་བཟང་པོ་གོང་སྤེལ་གཏོང་རྒྱུ་དང༌། འགྲོ་བ་མི་རིགས་ཀུན་ལ་ཕན་ཐོགས་ཆེན་པོ་སྒྲུབ་ཐུབ་པའི་ལས་དོན་ཤུགས་ཆེ་བ་དང་ནུས་པ་ཐོན་པ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

གལ་ཏེ་སྟོབས་ཆེན་འགའ་ཤས་ཀྱིས་རྒྱལ་སྤྱིའི་ཚོགས་པ་མཉམ་སྦྲེལ་རྒྱལ་ཚོགས་ལྟ་བུ་མུ་མཐུད་ནས་ཕྱོགས་ལྷུང་བསམ་པས་རང་དོན་རྐྱང་པའི་ཁེ་ཕན་ཕྱིར་བེད་སྤྱོད་ལོག་པར་བཏང་བ་ཡིན་ན་ཤིན་ཏུ་བློ་ཕམ་གྱི་གནས་ཚུལ་རེད། མཉམ་སྦྲེལ་རྒྱལ་ཚོགས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་ཚོགས་སྡེ་ཞིག་ཏུ་ངོས་འཛིན་དགོས། 1norlang 26རྒྱལ་སྤྱིའི་ཚོགས་པ་འདི་ལ་རྒྱལ་ཁབ་ཀུན་ནས་བརྩི་མཐོང་དང་ཆ་འཛིན་གནང་དགོས། བཙན་གནོན་འོག་ཚུད་པའི་རྒྱལ་ཁབ་ཆུང་ཆུང་ཁག་དང་འཇིག་རྟེན་སྤྱི་ཡོངས་ཀྱིས་རེ་བ་གཅིག་པུ་དེ་རྒྱལ་སྤྱིའི་ཚོགས་པ་འདི་ཆགས་ཡོད། ད་ཆ་སྔར་ལས་ལྷག་པའི་འཛམ་གླིང་གི་རྒྱལ་ཁབ་ཚང་མ་དཔལ་འབྱོར་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་བསྡད་ཡོད་སྟབས། འགྲོ་བ་མི་རིགས་བར་གྱི་གོ་རྟོགས་བཟང་པོ་དེ་རྒྱལ་ཁབ་སོ་སོའི་ས་མཚམས་ལས་བརྒལ་ནས་ཁྱབ་ཆེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་སྤེལ་དགོས། འཇིགས་སྐུལ་དང་དྲག་ཤུགས་དངོས་སུ་ལག་བསྟར་མི་བྱེད་པར་ཚད་ལྡན་གོ་རྟོགས་ཡོད་པ་མིང་དོན་མཚུངས་པའི་མཉམ་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་མ་ཐུབ་བར་དུ་འཛམ་གླིང་གི་དཀའ་ངལ་རྣམས་མང་དུ་འགྲོ་རྒྱུ་ལས་ཉུང་དུ་གཏོང་ཐུབ་ཐབས་མེད། གལ་ཏེ་རྒྱལ་ཁབ་སྐྱོ་བའི་མི་དམངས་ཀྱི་འོས་པ་དང་འདོད་པའི་བདེ་བ་ལ་བརྩི་བཀུར་མ་བྱས་ན་རང་བཞིན་གྱིས་ཁོ་ཚོ་བློ་མ་ཁེངས་ནས་དཔལ་འབྱོར་ཆེ་བའི་རྒྱལ་ཁབ་རྣམས་ལ་དཀའ་ངལ་བཟོ་རྒྱུ་རང་རེད། མི་འདོད་པའི་སྤྱི་ཚོགས་དང༌། ཆབ་སྲིད་དང་རིག་གཞུང་གི་གནས་སྟངས་རྣམས་འདོད་པ་མི་ཚིམས་པའི་སྐྱེ་བོ་དེ་ཚོའི་ཐོག་མུ་མཐུད་ནས་འགེལ་བསྡད་པ་ཡིན་ན་འཛམ་གླིང་ནང་ཞི་བདེ་ཡོང་རྒྱུ་ཤིན་ཏུ་ཁག་པོ་རེད། འོན་ཀྱང་ང་ཚོས་སྐྱེ་འགྲོ་ཀུན་གྱི་འདོད་པའི་བདེ་བ་དངོས་སུ་སྒྲུབ་ཐུབ་ན་ཞི་བདེ་ཡོང་རྒྱུ་ཉག་གཅིག་རེད།

རྒྱལ་ཁབ་རང་རང་སོ་སོའི་ནང་ལ་གང་ཟག་སྒེར་སོ་སོའི་འདོད་པའི་བདེ་བ་སྒྲུབ་པའི་ཐོབ་ཐང་ངེས་པར་དུ་སྤྲོད་དགོས། དེ་བཞིན་རྒྱལ་ཁབ་ཕན་ཚུན་བར་ལ་ཡང་རྒྱལ་ཁབ་ཆུང་ཤོས་དེ་ཚོའི་བདེ་དོན་ཆེད་དུ་རྒྱལ་ཁབ་ཚང་མར་སེམས་འཁུར་འདྲ་མཉམ་ངེས་པར་དུ་ཡོད་དགོས། འོན་ཀྱང་ངས་ལམ་ལུགས་གཅིག་ལམ་ལུགས་གཞན་དེ་ལས་ཡག་པ་རེད། དེར་བརྟེན་ང་ཚོ་ཚང་མས་དེ་ལག་བསྟར་བྱེད་དགོས་ཞེས་ཞུ་ཡི་མེད། དེ་ལས་ལྡོག་སྟེ་འགྲོ་བ་མིའི་སྤྱི་ཚོགས་ནང་གང་ཟག་སྒེར་སོ་སོའི་བློ་མོས་འདྲ་མིན་གྱི་རྐྱེན་པས་ཆབ་སྲིད་ཀྱི་ལམ་ལུགས་དང་ལྟ་གྲུབ་འདྲ་མིན་ཡོང་གི་ཡོད་པ་མ་ཟད་ཡོང་ཆོག་པའང་རེད། ལྟ་གྲུབ་དང་ཆབ་སྲིད་ལམ་ལུགས་འདྲ་མིན་དེ་དག་གིས་འགྲོ་བ་མིས་མུ་མཐུད་ནས་འཚོལ་བཞིན་པའི་བདེ་བ་སྒྲུབ་པའི་གྲོགས་བྱེད་ཀྱི་ཡོད། དེའི་ཕྱིར་སྤྱི་ཚོགས་རང་རང་སོ་སོའི་ཆབ་སྲིད་དང༌། སྤྱི་ཚོགས་དང་དཔལ་འབྱོར་གྱི་ལམ་ལུགས་གང་ཡང་རང་ཐག་རང་གཅོད་ཀྱིས་ལྟ་གྲུབ་ལ་གཞི་བཅོལ་བའི་ཐོག་ནས་ལག་བསྟར་དང་འཕེལ་རྒྱས་གཏོང་བའི་ཐོབ་ཐང་ཡོད།

དྲང་བདེན་དང༌། མཐུན་སྒྲིལ། ཞི་བདེ་ཡོང་དང་མི་ཡོང་ནི་རྒྱུ་རྐྱེན་མང་པོ་ལ་རག་ལུས་ཡོད། ང་ཚོའི་དྲང་བདེན་ལ་སོགས་པ་དག་ཕུགས་རྒྱང་རིང་པོའི་འགྲོ་བ་མིའི་བདེ་སྐྱིད་སྒྲུབ་ཐབས་ལ་བསམ་དགོས་པ་ལས་ཕུགས་རྒྱང་ཉེ་པོར་བསམ་ན་མི་འགྲིག ངས་ང་ཚོའི་མདུན་དུ་ཤིན་ཏུ་གལ་འགངས་ཆེ་བའི་འགན་ཞིག་ཡོད་པ་ཚོར་གྱི་འདུག འོན་ཀྱང་ངས་འདིར་བཏོན་པའི་འགྲོ་བ་མི་རིགས་སྤྱིའི་བདེ་ཐབས་ལ་གཞི་བཅོལ་བའི་འོས་འཆར་འདི་ལས་ཐབས་ཚུལ་གཞན་མཐོང་གི་མི་འདུག

ད་ཆ་རྒྱལ་ཁབ་གཞན་གྱི་བདེ་སྐྱིད་དོན་དུ་སེམས་འཁུར་བླང་དགོས་པ་ལས་གདམ་ང་གཞན་མེད། སེམས་འཁུར་དེ་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་ཡིད་ཆེས་ཆེ་དྲགས་པའི་རྐྱེན་གྱིས་མ་ཡིན་པར་རྒྱལ་ཁབ་ཕན་ཚུན་དང་འབྲེལ་ཡོད་ཚང་མའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་ཐུག་ཡོད་པའི་དབང་གིས་རེད། དེ་འདྲའི་གསར་དུ་འབྱུང་བའི་དངོས་དོན་གྱི་གནས་ཚུལ་ལ་བརྩི་མཐོང་ཡུ་རོབ་དཔལ་འབྱོར་མཐུན་ཚོགས་dalaila  students(Europe Economic Community)དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ལྷན་ཚོགས་(Association of South Asain Nations) ལ་སོགས་པའི་མངའ་ཁུལ་དང་གླིང་ཆེན་གྱི་དཔལ་འབྱོར་སྒྲིག་འཛུགས་རྣམས་ཀྱིས་བརྡ་ལན་བྱེད་ཀྱི་ཡོད། ད་དུང་རྒྱལ་ཁབ་ལས་ཕྱིར་བརྒལ་བའི་སྒྲིག་འཛུགས་མང་པོ་གསར་འཛུགས། དམིགས་བསལ་དུ་དཔལ་འབྱོར་གྱི་ཡར་རྒྱས་དང་ས་གནས་ཀྱི་བདེ་འཇགས་སྐྱོ་པོ་ཡོད་པའི་མངའ་ཁུལ་ཁག་ལ་སྒྲིག་འཛུགས་དེ་འདྲ་འཛུགས་ཐུབ་པར་ངས་རེ་བ་བྱེད་ཀྱི་ཡོད། ད་ལྟའི་གནས་སྟངས་འདི་དག་འོག་འགྲོ་བ་མིའི་གོ་རྟོགས་དང་འཇིག་རྟེན་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་བསམ་པ་(Sense of Universal Responsibility) དེ་ངེས་པར་དུ་མགྱོགས་མྱུར་དགོས་པ་དང༌། དེ་འདྲའི་ལྟ་ཚུལ་སྒྲུབ་པ་ལ་ང་ཚོས་ངེས་པར་དུ་འགྲོ་བ་ཀུན་ལ་ཕན་པའི་སེམས་པ་བཟང་པོ་དེ་བསྐྱེད་དགོས། དེ་མི་བསྐྱེད་པར་འཇིག་རྟེན་ནང་བདེ་སྐྱིད་དང་གཏན་དུ་གནས་པའི་འཛམ་གླིང་ཞི་བདེ་སྒྲུབ་ཐབས་མེད།     ང་ཚོས་ཤོག་བུའི་སྟེང་དུ་ཡི་གེ་བྲིས་ནས་ཞི་བདེ་བསྐྲུན་མི་ཐུབ། འགྲོ་བ་མིའི་འཇིག་རྟེན་ངོ་བོ་ཐ་དད་སོ་སོར་འཛིན་པའི་རྒྱལ་ཁབ་ཚོགས་པའི་སྤྱི་ཚོགས་ཤིག་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་དེའི་ཆ་ནས་ང་ཚོས་འཇིག་རྟེན་ཡོངས་ལ་འཁྲི་བའི་འགན་འཁུར་དང༌། འཇིག་རྟེན་ཡོངས་བུ་སྤུན་དང་སྲིང་མོ། མཆེད་གྲོགས་ཀྱི་འདུ་ཤེས་དགོས་གལ་ཆེ། དེའི་ཕྱིར་ངོས་ནས་རྒྱལ་ཁབ་ཚོགས་པའི་སྤྱི་ཚོགས་རྣམས་ནས་ངོ་ཐོག་ལག་ལེན་གྱི་ཐོག་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཆེད་འགན་འཁུར་ལྷག་པར་བཞེས་དགོས་པར་སེམས།

འདས་པའི་དུས་སུ་སྤྱི་ཚོགས་རྣམས་དྲང་བདེན་དང་འདྲ་མཉམ་མང་བ་ཡོང་རྒྱུར་ཐབས་ཤེས་བྱས་ཡོད། སྤྱི་ཚོགས་རྒྱབ་འགལ་གྱི་ནུས་ཤུགས་རྣམས་འགོག་པའི་དོན་དུ་སྒྲིག་གཞི་བཟང་པོ་ཡོད་པའི་སྒྲིག་འཛུགས་ཁག་གསར་འཛུགས་བྱས་ཡོད། འོན་ཀྱང་སྟབས་མི་ལེགས་པར་དེ་འདྲའི་ལྟ་ཚུལ་བཟང་པོ་དག་རང་གཅེས་འཛིན་གྱི་བསླུ་བྲིད་འོག་ཚུད་དགོས་བྱུང༌། དེང་སྐབས་དམིགས་བསལ་དུ་སྲིད་དོན་གྱི་རྒྱ་ཁྱོན་ནང་སྔར་བྱུང་མ་མྱོང་བ། ཡ་རབས་ཀྱི་སྤྱོད་ཚུལ་དང་བཟང་པོའི་ལྟ་གྲུབ་རྣམས་རང་ཁེ་དོན་གཉེར་གྱི་གྲིབ་མས་མི་མངོན་པ་བྱེད་ཀྱི་ཡོད་པ་ང་ཚོས་གསལ་པོར་མཐོང་གི་ཡོད། གྲུབ་མཐའ་འགའ་ཞིག་གི་ཆབ་སྲིད་དང་ཚུལ་མིན་གྱི་བྱ་སྤྱོད་གཉིས་པོ་དོན་གཅིག་མིང་གི་རྣམ་གྲངས་སུ་བཟུང་ནས་ང་ཚོའི་སྲིད་དོན་གྱི་བྱ་སྤྱོད་ཡོངས་སུ་དོར་དགོས་པའི་ཉེན་བརྡ་བཏང་ཡོད།

བཟང་སྤྱོད་ཀྱིས་དབེན་པའི་ཆབ་སྲིད་དེས་འགྲོ་བ་མིའི་བདེ་སྐྱིད་གོང་མཐོར་གཏོང་མི་ཐུབ་པ་དང༌། ཡ་རབས་སྤྱོད་ཚུལ་གྱིས་ཕོངས་པའི་མི་ཚེ་དེས་འགྲོ་བ་མི་རྣམས་དུད་འགྲོའི་གནས་སུ་ལྷུང་བ་དང་ཁྱད་མེད། འོན་ཀྱང་ཆབ་སྲིད་དེ་གཞི་མ་ནས་སྐྱོན་ཅན་ཡིན་པ་ཞིག་མ་རེད། སྐྱོན་དེ་ང་ཚོས་ཆབ་སྲིད་རིག་གནས་ཀྱི་ཁྲིམས་ཡིག་ནང་སྐྱེ་འགྲོའི་བདེ་སྐྱིད་སྤེལ་བའི་ཚད་མཐོའི་ལྟ་གྲུབ་དང་བཟང་པོའི་དོན་གནད་ལ་འཁྱོག་བཤད་བྱེད་པའི་དབང་གིས་བྱུང་བ་རེད། རང་བཞིན་གྱིས་ཆོས་ཕྱོགས་དང་འབྲེལ་བའི་གང་ཟག་ཚོས་ཆོས་དཔོན་ཚོ་ཆབ་སྲིད་དང་མི་སྦྲེལ་བའི་སེམས་འཁུར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ཁོ་ཚོར་ཆོས་ཀྱི་དོན་གནད་ནང་ཆབ་སྲིད་ཀྱི་སྐྱོན་ཞུགས་པའི་དོགས་པ་བྱེད་ཀྱི་ཡོད༌། ངས་དེ་འདྲའི་ཡོངས་གྲགས་ཀྱི་འཛིན་མཚམས་ཆོས་དང་བཟང་སྤྱོད་ལ་ཆབ་སྲིད་ནང་བྱུས་གཏོགས་གང་ཡང་མེད་པ་དང་ཆོས་པའི་སྐྱེ་བོ་རྣམས་དབེན་གནས་བསྟེན་ནས་རི་ཁྲོད་དུ་འགྲོ་དགོས་པ་གསུང་མཁན་ཚོ་ལ་ཞུ་རྒྱུ་ལ། ཆོས་ཕྱོགས་ལ་ལྟ་ཚུལ་དེ་འདྲ་དེ་ཕྱོགས་ལྷུང་གི་བསམ་བློ་རེད། དེ་གང་ཟག་སྒེར་དང་སྤྱི་ཚོགས་བར་གྱི་འབྲེལ་བ་གང་ཡོད་མེད་དང་མི་ཚེའི་ནང་ཆོས་ཀྱི་ཆ་ཤས་གང་ཡོད་མིན་གྱི་ལྟ་ཚུལ་བཟང་པོ་དེ་མེད་པའི་སྐྱོན་རེད། བཟང་སྤྱོད་དེ་ཆོས་པའི་གང་ཟག་ལ་གལ་ཆེ་བ་ཡིན་པ་ནང་བཞིན་སྲིད་དོན་ནང་ཞུགས་མཁན་རྣམས་ལའང་གལ་གནད་ཆེ། རྒྱལ་ཁབ་ཀྱི་དཔོན་རིགས་ཚོ་དང་སྲིད་དོན་པ་རྣམས་ཀྱིས་བཟང་པོའི་ལྟ་གྲུབ་རྣམས་བརྗེད་པ་ཡིན་ན་འབྲས་བུ་ཤིན་ཏུ་ངན་པ་ཚབས་ཆེན་ཡོང་སྲིད་པ་རེད། ང་ཚོ་འཇིག་རྟེན་བཀོད་པ་པོ་ལ་ཡིད་ཆེས་བྱེད་ཀྱི་ཡོད་རུང༌། ཡང་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་རུང༌། བཟང་སྤྱོད་ནི་ཆོས་ལུགས་ཚང་མའི་གཞི་རྟེན་རེད། བཟང་པོའི་སྤྱོད་ཚུལ་དང༌། སྙིང་རྗེ་དང༌། ངོ་ཚ་ཁྲེལ་གཞུང༌། རྣམ་དཔྱོད་ལ་སོགས་པའི་འགྲོ་བ་མིའི་ཁྱད་ཡོན་རྣམས་སྲིད་པའི་དཔལ་ཡོན་ཀུན་གྱི་གཞི་རྟེན་དུ་གྱུར་ཡོད། དེར་བརྟེན་བྱམས་པ་དང་བརྩེ་བས་ཁྱབ་པའི་འཛམ་གླིང་ཞིག་ཡོང་བའི་ཆ་རྐྱེན་དུ་འགྱུར་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གི་ནང་བཟང་སྤྱོད་ཀྱི་སློབ་ཁྲིད་གྲ་འགྲིག་པོ་ཡོད་པའི་ཐོག་ནས་ཁྱད་ཡོན་འདི་དག་སྐྱེད་པ་དང་ཡུན་གནས་ཐུབ་པ་བྱེད་དགོས། དེ་འདྲའི་འཇིག་རྟེན་ཞིག་སྐྲུན་པའི་ཆེད་དུ་ཐོག་མར་ཕྲུ་གུ་ཆུང་ཆུང་ཉིད་ཀྱི་སྐབས་ནས་བཟང་པོའི་སྤྱོད་ཚུལ་གྱི་ཁྱད་ཡོན་དེ་དག་ཡིད་ལ་འཇགས་ཐབས་བྱེད་དགོས།

 

ང་ཚོ་མི་ཐོག་རྗེས་མས་བསྒྱུར་བཅོས་འདི་གཏོང་བར་སྒུག་ཐབས་མེད། ད་ལྟའི་མི་ཐོག་འདི་ཉིད་ནས་འགྲོ་བ་མིའི་གཞི་མའི་རིན་ཐང་དེ་དག་བསྐྱར་གསོ་ཐུབ་པ་ངེས་པར་དུ་བྱེད་དགོས། རིན་ཐང་དེ་དག་བསྐྱར་གསོ་ཐུབ་པའི་རེ་བ་ཞིག་ཡོད་ན་མ་འོངས་པའི་མི་ཐོག་རྣམས་ལ་བྱེད་ཆོག་ཀྱང་ང་ཚོའི་ད་ལྟའི་སློབ་ཁྲིད་ཀྱི་ལམ་སྲོལ་འདི་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པའི་འགྱུར་བ་ཤུགས་ཆེན་པོ་ཞིག་གཏོང་མ་ཐུབ་པར་མ་འོངས་པར་དེ་ཡོང་བའི་རེ་བ་མེད། ང་ཚོས་འཇིག་རྟེན་ཡོངས་ཀྱི་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་(Universal Humanitarian) ཡོད་པའི་རིན་ཐང་གི་ལག་ལེན་དང་ཁས་ལེན་ཐོག་གསར་བརྗེ་བྱེད་དགོས།
ང་ཚོས་དེའི་དོན་དུ་འབད་བརྩོན་གཞན་ཞིག་བྱེད་དགོས་པ་ལས་སྐད་ཅོར་ཚ་བའི་སྐད་འབོད་ཙམ་གྱིས་བཟང་སྤྱོད་ཀྱི་ཉམས་རྒུད་དེ་བཀག་ཐུབ་པའི་ངེས་པ་མེད། དེང་དུས་ཀྱི་སྲིད་གཞུང་རྣམས་ནས་ཆོས་ཕྱོགས་ཀྱི་འགན་འཁུར་འདི་དག་ལེན་གྱི་མེད་པས་ཆོས་པའི་འགོ་ཁྲིད་ཚོ་དང་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་ཡོད་མཁན་ཚོས་འགྲོ་བ་མི་དང་ཆོས་ཕྱོགས་ཀྱི་རིན་ཐང་རྣམས་བསྐྱར་གསོའི་ཆེད་ད་ལྟ་ཡོད་བཞིན་པའི་གྲོང་སྡེའི་སྒྲིག་འཛུགས་དང༌། སྤྱི་ཚོགས་དང༌། རིག་གཞུང། ཤེས་ཡོན། ཆོས་ཕྱོགས་ཀྱི་སྒྲིག་འཛུགས་རྣམས་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས། དམིགས་ཡུལ་དེ་དག་སྒྲུབ་པའི་དོན་དུ་དགོས་གལ་ཡོད་པའི་སྐབས་སྒྲིག་འཛུགས་གསར་སྐྲུན་བྱེད་དགོས། འབད་བརྩོན་དེ་དག་རྐྱང་པར་བརྟེན་ནས་ང་ཚོའི་འཛམ་གླིང་ཞི་བདེའི་གཞི་རྟེན་བརྟན་པོ་ཞིག་ཡོང་ཐུབ་པའི་རེ་བ་བྱེད་ཆོག

སྤྱི་ཚོགས་ནང་སྡོད་ནས་ང་ཚོས་ཆབ་འབངས་གཅིག་གྲོགས་རྣམས་ཀྱི་སྡུག་བསྔལ་མཉམ་ཁུར་དང༌། སྙིང་རྗེ་དང་བཟོད་བསྲན་གྱི་ཉམས་ལེན་རང་གི་དགའ་བའི་ཕྱོགས་ཙམ་མ་ཡིན་པར་དགྲ་ཡི་ཕྱོགས་ལའང་གཅིག་མཚུངས་ཡོད་དགོས། དེ་ནི་ང་ཚོའི་བཟང་སྤྱོད་ནུས་ཤུགས་ཀྱི་ཚོད་བལྟ་རེད། ང་ཚོས་རང་རང་སོ་སོའི་ཉམས་ལེན་གྱི་ཐོག་ནས་མིག་དཔེ་སྟོན་ཐུབ་དགོས་པ་ལས་ཆོས་ཀྱི་རིན་ཐང་སྐོར་ཚིག་ཙམ་བརྗོད་པས་གང་ཟག་གཞན་ལ་ཡིད་ཆེས་སྟེར་ཐུབ་ཐབས་མེད། ང་ཚོས་གང་ཟག་གཞན་ལ་ཆེས་མཐོ་བའི་མཐུན་སྒྲིལ་དང་བློས་བཏང་གི་ཚད་གཞི་དགོས་པར་བསྐུལ་བ་བཞིན་རང་ཉིད་ཀྱིས་ཀྱང་ཁ་དན་ཚིག་ལ་ངེས་པར་དུ་གནས་དགོས། ཆོས་ལུགས་ཚང་མའི་མཐར་ཐུག་གི་དགོས་དམིགས་ནི་འགྲོ་བ་མི་རིགས་རྣམས་ལ་ཕན་ཐོགས་པ་དང་དེ་དག་གི་དགོས་དོན་སྒྲུབ་རྒྱུ་དེ་རེད། དེའི་ཕྱིར་ཆོས་ལུགས་ཁག་གིས་གང་ཟག་གཞན་ཆོས་ལུགས་དེའི་ནང་འགུག་ཐབས་ཙམ་ཆེད་དུ་མིན་པར་དུས་རྟག་ཏུ་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་དང་ཞི་བདེ་སྐྲུན་པའི་ཆེད་དུ་བེད་སྤྱོད་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན།

ཆོས་ལུགས་ནང་རྒྱལ་ཁབ་ཀྱི་ས་མཚམས་མེད། ཆོས་ལུགས་རྣམས་གང་ཟག་གམ་མི་རིགས་སུ་ལ་ཕན་ཐོགས་ཡོད་ཀྱང་དེས་ཉམས་སུ་ལེན་ཆོག་པ་དང་ལོངས་སྤྱོད་དགོས་པ་ཞིག་རེད། ཆོས་ལ་འཇུག་མཁན་གང་ཟག་ཕོ་མོ་སུ་ཡིན་རུང་རང་ཉིད་ལ་ཆོས་ལུགས་གང་ཞིག་འོས་ཤོས་ཡོད་པ་དེ་འདེམས་དགོས་པ་ཤིན་ཏུ་གལ་ཆེ། འོན་ཀྱང་ཆོས་ལུགས་གང་ཞིག་བདམས་རྗེས་ཆོས་ལུགས་གཞན་རྣམས་ཁས་མི་ལེན་པ་དེ་རང་རེའི་སྤྱི་ཚོགས་ནང་བུད་དགོས་པའི་དོན་མིན། ཆོས་ལུགས་གང་ཞིག་བདམས་པའི་གང་ཟག་དེ་སོ་སོའི་སྤྱི་ཚོགས་ནས་བུད་མི་དགོས་པར་སོ་སོའི་སྤྱི་ཚོགས་དེ་གའི་ནང་མུ་མཐུད་ནས་སྡོད་དགོས་པར་མ་ཟད། སྤྱི་ཚོགས་དེའི་མི་རྣམས་དང་མཛའ་མཐུན་གྱི་སྒོ་ནས་གནས་དགོས། སོ་སོའི་སྤྱི་ཚོགས་དེ་ནས་བྲོས་པས་གང་ཟག་གཞན་ལ་ཕན་ཐོགས་བྱེད་མི་ཐུབ། དོན་དངོས་སྐྱེ་འགྲོ་གཞན་ལ་ཕན་ཐོགས་སྒྲུབ་རྒྱུ་དེ་ཆོས་ཀྱི་གཞི་རྩའི་དམིགས་ཡུལ་ཡིན། གནད་དོན་འདིའི་ཐད་ང་ཚོའི་སེམས་ནང་འཇོག་དགོས་པའི་གལ་ཆེ་བའི་དོན་གནད་གཉིས་པོ་ནི། རང་ཉིད་སོ་སོར་བསྐྱར་ཞིབ་དང་དགེ་འདོན་སྐྱོན་སེལ་བྱེད་དགོས་པ་དེ་ཡིན། ང་ཚོས་རྒྱུན་ལྡན་དུ་རང་ཉིད་གང་ཟག་གཞན་གྱི་ཕྱོགས་སུ་བསམ་བློའི་འཁྱེར་སོ་གང་འདྲ་ཡོད་མིན་བརྟག་དགོས་པ་དང༌། རང་ཉིད་ལེགས་པར་བརྟག་རྗེས་སྐྱོན་གྱི་ཕྱོགས་སུ་ལྷུང་བར་ཤེས་མ་ཐག་མྱུར་དུ་དག་སེལ་བྱེད་དགོས་པ་ཡིན།

 

མཐའ་དོན། ཕྱི་དངོས་པོའི་ཡར་རྒྱས་སྐོར་ཚིག་ཁ་ཤས་བརྗོད་ན། ངས་ནུབ་ཕྱོགས་པའི་ཕྱི་དངོས་པའི་ཡར་རྒྱས་ལ་སྐྱོན་བརྗོད་བྱེད་པ་མང་པོ་གོ་ཐོས་བྱུང༌། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་གཟི་བརྗིད་རེད། མི་དམངས་ཀྱི་ཐོབ་དབང་ལ་དུས་རྟག་ཏུ་བརྩི་བཀུར་ཡོད་པའི་ཐོག་ཕྱི་དངོས་པོའི་ཡར་རྒྱས་ཚུལ་དང་མཐུན་པ་གནང་ན་ངས་སྐྱོན་གང་ཡང་མཐོང་གི་མེད། འགྲོ་བ་མི་རྣམས་ཀྱི་དཀའ་ངལ་ཆེ་ཕྲ་ཀུན་སེལ་ཐབས་སུ་ང་ཚོའི་དཔལ་འབྱོར་གྱི་ཡར་རྒྱས་དང་ཆོས་ཕྱོགས་ཀྱི་འཕེལ་སྐྱེད་གཉིས་འཛོམས་དང་མཐུན་འགྲིག་དགོས་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། འོན་ཀྱང་ང་ཚོས་དེའི་གཅོད་མཚམས་གང་ཡིན་མཁྱེན་དགོས། ཕྱི་དངོས་པོའི་ཤེས་ཡོན་ཚན་རིག་དང་འཕྲུལ་ཆས་ཐོག་ནས་འགྲོ་བ་མིའི་བདེ་དོན་ཆེད་མཐུན་འགྱུར་ཧ་ཅང་གལ་ཆེན་པོ་ཡོད་ཀྱང་དེས་མཐར་ཐུག་གི་བདེ་བ་སྐྲུན་ཐུབ་ཀྱི་མེད། དཔེར་ན་ཨ་མི་རི་ཁ་ལྟ་བུའི་ལུང་པ་འཕྲུལ་ཆས་ཡར་རྒྱས་ཐོག་རྒྱལ་ཁབ་གཞན་ཀུན་ལས་ཕལ་ཆེར་ཡར་ཐོན་ཡིན་ཡང་སེམས་ཀྱི་སྡུག་བསྔལ་ད་དུང་ཡང་ཤིན་ཏུ་ཆེན་པོ་ཡོད། དེ་ཡོང་བའི་རྒྱུ་མཚན་ནི་ཕྱི་དངོས་པོའི་ཤེས་ཡོན་ཐོག་ནས་ཕྱི་གཟུགས་རགས་པའི་རྒྱུ་རྐྱེན་ལ་བརྟེན་པའི་བདེ་བ་ཙམ་ལས་སྟེར་ཐུབ་ཀྱི་མེད་པའི་དབང་གིས་ཡིན། དེས་ཕྱིའི་རྐྱེན་ལས་འདས་པ་ནང་སེམས་ཀྱི་འཕེལ་བསྐྱེད་ལས་བྱུང་བའི་བདེ་སྐྱིད་དེ་སྟེར་ཐུབ་ཀྱི་མེད།

 

འགྲོ་བ་མིའི་རིན་ཐང་རྣམས་བསྐྱར་གསོ་དང་གཏན་གྱི་བདེ་བ་སྒྲུབ་པའི་དོན་དུ་ང་ཚོས་འཛམ་གླིང་གི་རྒྱལ་ཁབ་ཀུན་ནས་འགྲོ་བ་མིའི་རིགས་སྤྱིའི་བདེ་སྡུག་ལ་བསམ་པས་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ཐོག་སེམས་འཁུར་གནང་དགོས། རྩོམ་ཡིག་འདིས་འགྲོ་བ་མིའི་རིགས་ཀུན་རྒྱུ་སྐར་འདིའི་སྟེང་ཁྱིམ་ཚང་གཅིག་གི་ཚུལ་དུ་འདུས་པའི་འགྲོ་བ་མིའི་རིན་ཐང་དག་ང་ཚོས་མ་བརྗེད་གོང་ཛ་དྲག་གི་དྲན་སྐུལ་ཐེབས་པའི་རེ་སྨོན་ཞུ་ཡི་ཡོད།

 

ང་ཡིས་དུས་རྒྱུན་ཚོར་བ་བཤད་པའི་ཕྱིར།། གོང་གི་ཚིག་རྐང་འདི་དག་བྲིས་པ་ཡིན།། ཕྱི་རྒྱལ་མི་ཞིག་ཐུག་འཕྲད་བྱུང་ན་ཡང༌།། འགྲོ་བ་མི་ཡི་ཁྱིམ་ཚང་གཞན་ཞིག་གི། འཐུས་མི་ཞིག་དང་མཇལ་བའི་ཚོར་བ་དེ།། རྒྱུན་དུ་འགྱུར་མེད་གཅིག་མཚུངས་ཡོང་བ་ལགས།། དེ་འདྲའི་བལྟ་ཚུལ་དེས། ངོས་ཀྱི་སེམས་ཅན་གཞན་ཀུན་ལ་གུས་བརྩེ་གཏིང་ཟབ་གྱུར། རང་བཞིན་གྱི་རེ་འདོད་འདི། འཛམ་གླིང་བཞི་བདེ་སྒྲུབ་པའི་མཐུན་འགྱུར་དུ་འགྲོ་བའི་རེ་སྨོན་ཞུ་ཡི་ཡོད། ངས་རྒྱུ་སྐར་འདིའི་སྟེང་མཐུན་སྒྲིལ་ཆེ་བ་དང་བརྩེ་སེམས་ཆེ་བ། གོ་རྟོགས་བཟང་བ་ཡོང་བའི་སྨོན་ལམ་རྒྱག་གི་ཡོད། སྡུག་བསྔལ་མི་འདོད་མཁན་དང༌། གཏན་གྱི་བདེ་བ་འདོད་མཁན་ཀུན་ལ་ངས་འབོད་སྐུལ་རྩེ་གཅིག་ཏུ་འདེབས་པ་ལགས།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||