ཞབས་འདྲེན་ཞུ་མཁན་བྱུང་ན་ཚགས་པར་ནང་བཀོད་ན་ཡག་ཤོས་རེད།

ཟླ་འདིའི་ཚེས་༥ ཉིན་ཨ་རིའི་ནེའུ་ཡོཀ་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ༧གོང་ས་མཆོག་གིས་ཡུལ་དེར་གནས་སྡོད་བོད་རིགས་མི་མང་ལ་བཀའ་སློབ་ལམ་སྟོན་གནང་བ་དང། ཁོང་གིས་རྒྱལ་དབང་ལྔ་པ་ནས་རྒྱལ་དབང་རིམ་བྱོན་གྱིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་ལམ་ལུགས་མཇུག་རྫོགས་པ་ཡིན་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།

Untitled-3
gyalwarinpoche.com

དེར་བོད་མི་༥༠༠༠ ཙམ་བཅར་ཡོད་པ་དང་། བོད་རིགས་ཚོགས་པའི་ངོས་ནས་ལས་དོན་བྱེད་ཕྱོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། སྐབས་དེར་༧གོང་ས་མཆོག་གི་བོད་མི་སྤྱིའི་བདེན་དོན་འཐབ་རྩོད་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

དེང་སྐབས་༧གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཆིབས་བསྒྱུར་གནང་སྐབས། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་བོད་མི་ཁག་ཅིག་དང་། ཕྱི་རྒྱལ་བ་ཁག་ཅིག་གིས་༧གོང་ས་མཆོག་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་ཡོད་ནའང། བོད་མིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག མི་མང་བྱས་ཀྱིས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་དང་། མི་མང་གིས་དོལ་རྒྱལ་བསྟེན་མཁན་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཚོའི་ཁ་གཏད་དུ་ལངས་ནས་སྐད་འབོད་བྱེད་ཀྱི་ཡོད་པ་རེད།

ཟླ་འདིའི་ཚེས་༥ ཉིན་༧གོང་ས་མཆོག་གིས་ཨ་རིའི་ནུའུ་ཡོག་ཏུ་བོད་མི་ཚོར་མཇལ་ཁ་གནང་སྐབས། དོལ་རྒྱལ་ཚོགས་པའི་ངོ་རྒོལ་དང་། ལྷ་སྲུང་བསྟེན་ཕྱོགས་སྐོར་དང་འབྲེལ་ནས་བཀའ་སློབ་ལམ་སྟོན་གནང་དོན། “དེ་རིང་དོལ་རྒྱལ་ཚོགས་པས་སྐད་བརྒྱབ་ཡོང་དུས། ཁྱེད་རང་ཚོས་ཀྱང་སྐད་བརྒྱབ་ནས། ཁྱེད་རང་ཚོར་ལས་ཀ་གསར་པ་དང་། གདུང་ལེན་བྱེད་ས་ལས་འགན་གསར་པ་རེད།(བཞད་མོ་བཞད་པ་) ཁྱེད་རང་ཚོས་ཧུར་ཐག་གནང་སོང་། ཐུགས་རྗེ་ཆེ། དོལ་རྒྱལ་ཚོགས་པ་ཁོ་རང་ཚོ་སྙིང་རྗེ་བའི་གནས་རེད། གང་ཡང་ཤེས་ཀྱི་མི་འདུག་”ཅེས་ཁོང་གིས་སྔོན་མ་དོལ་རྒྱལ་བསྟེན་གསོལ་བྱས་སྐོར་དང་། རྗེས་སུ་སྤང་བླང་ཞུས་པའི་སྐོར་གསུངས་ཡོད་པ་རེད།

Untitled-1
gyalwarinpoche.com

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། “༡༩༦༠ ལོའི་ནང་ཉིན་གཅིག་གནས་ཆུང་གིས་ཨ་གསར་འཁྱམ་པོ་བསྟེན་ན་འགྲིག་གི་མི་འདུག་གསུངས་པ་རེད། ངས་ཨ་གསར་འཁྱམ་པོ་ཤུགས་ལྡན་རེད་དམ་ཞེས་དྲིས་དུས། ཡིན་ཟེར། དེ་ན་དེ་ཁ་རོགས་ཞོག རྙོག་གྲ་ཚ་བོ་རེད། ནང་ལོག་ལ་རྙོག་གྲ་ཡོང་མདོག་རེད་ལབ་པ་ཡིན། དེ་ནས་གནས་ཆུང་ལོ་ཤས་རིང་ལ་ཁ་རོགས་བསྡད་པ་རེད། དེ་རྗེས་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པའི་དགེ་ལུགས་པ་ཞིག་གིས་རྙིང་མ་བྱས་ན། ཤུགས་ལྡན་གྱིས་ཚར་གཅོད་ཀྱི་རེད་ཟེར་བ་དེ་སླེབས་པ་རེད། དེ་ངས་སྣང་བར་འགྲོ་མ་སོང་། ཉིན་གཅིག་གནས་ཆུང་ལྷ་རྩེ་ཞིག་གི་ཁ་ཐུག་ལ་སྔོན་མ་ཁྱེད་རང་གིས་ཨ་གསར་འཁྱམ་པོ་བསྟེན་ན་ཡག་པོ་མི་འདུག་གསུངས་སོང་ཨ། དེའི་སྐབས་ངས་ཁ་རོགས་སྡོད་ལབ་རེད། དེ་རིང་ཁྱེད་རང་ལ་ག་རེ་གསུང་རྒྱུ་ཡོད། གསུངས་ཤོག་ལབ་ཡིན། དེ་ནས་ལོ་རྒྱུས་མང་པོ་གསུངས་སོང་”ཞེས་༧གོང་ས་མཆོག་གིས་དེ་རྗེས་བརྟག་དཔྱད་དང་། ལྷ་མོའི་ཟན་སྒྲིལ་དཀྲུག་པ་སོགས་ཀྱི་སྒོ་ནས་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་གནང་སྐོར་དང་། གླིང་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེར་སྙན་སེང་ཞུ་སྐབས། ཐུགས་དགྱེས་ནས་གནང་བ་བསྩལ་བས་བློ་བདེ་པོ་བྱས་ཏེ་མཚམས་བཞག་པ་ཡིན་སྐོར་དང་། དེའི་སྐབས་རྒྱ་ནག་ཏུ་ཕེབས་རྒྱུ་སོགས་གལ་ཆེན་མང་པོ་ཞིག་ཟན་སྒྲིལ་དཀྲུག་ནས་ཐག་གཅོད་གནང་གི་ཡོད་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

2014-11-05-NewYork-G09
gyalwarinpoche.com

དེ་ནས་༧གོང་ས་མཆོག་གིས་དེང་སྐབས་ཆོས་པའི་མིང་ཁུར་ནས་སྤྱི་ཚོགས་ནང་ཞབས་འདྲེན་ཞུ་མཁན་ཡོད་སྐོར་དང་འབྲེལ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གཞན་ལ་འགྲེལ་བཤད་བརྒྱབ་དང་མཉམ་དུ་སོ་སོ་ཡང་ཉིན་རེ་བཞིན་རྒྱུད་འདུལ་ཐབས་བྱེད་དགོས་པ་གལ་ཆེན་ཡིན་སྐོར་གསུང་དོན། “དེ་རིང་ཁ་སང་རབ་བྱུང་རང་ཞབས་འདྲེན་ཞུ་མཁན་ཞེ་དྲག་ཡོད་མེད་ངས་ཧ་གོ་མ་སོང་ཡང་། གང་ལྟར་དགེ་བསྙེན་གྱི་རྟེན་ཅན་སྔགས་པ་དེ་འདྲ་ཞབས་འདྲེན་ཞུ་མཁན་ཡུ་རོབ་ནང་དུ་ཡོང་སྡོད་ཀྱི་འདུག་ལ། འདིར་ཡང་འདུག བོད་དང་རྒྱ་གར་ནང་དུ་ཡོང་སྡོད་ཀྱི་འདུག རྒྱ་ནག་ནང་དུ་ཡང་བོད་པ་དེ་འདྲ་སོང་ནས་གང་བྱུང་མང་བྱུང་བྱས་པ་ཡོང་གི་འདུག དེ་ཚོ་བསྟན་པའི་ཞབས་འདེགས་སུ་འགྲོ་ཡི་མ་རེད། ཞབས་འདྲེན་རེད། སོ་སོ་སྒེར་གྱི་ཐོག་ནས་ངོ་མ་ཚ་ཡང་བསྟན་པ་སྤྱི་ལ་བསམ་བློ་བཏང་ནས་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་འདུག ལོ་ཤས་གོང་དྷ་སར་ནུབ་ཕྱོགས་པའི་ནང་པའི་ཆོས་ཀྱི་དགེ་རྒན་དེ་ཚོ་འཚོགས་རེད། དེའི་སྐབས་ཁ་ཤས་ཀྱིས་ཟན་གྱི་སློབ་དཔོན་དེ་འདྲས་ཞབས་འདྲེན་ཞུས་སྐོར་བཤད་སོང་ལ། དེ་ཚོར་ག་རེ་བྱེད་དགོས་རེད་ཟེར་གྱི་འདུག ངས་ལབ་པ་ཡིན། དེ་བསླབ་པ་ཚུལ་བཞིན་དུ་བསྲུང་ནས་གང་བྱུང་མང་བྱུང་མ་བྱས་པ་དེ་བཅོམ་ལྡན་འདུས་ཀྱིས་ང་ཚོ་སོ་ཐར་གྱི་སྐབས་ཡིན་ནའང་གསུངས་ཡོད་རེད། ཁྱིམ་པའི་རྟེན་ཅན་དགེ་བསྙན་ཞིག་ཡིན་ནའང་བསླབ་པ་སྲུང་རྒྱུ་གསུངས་ཡོད་རེད། བཅོམ་ལྡན་འདས་ཀྱིས་གསུངས་པ་བརྩི་ཡི་མེད་དུས། ང་ཚོས་བཤད་ན་ག་རེ་ཕན་གྱི་རེད། མང་ཚོགས་ཀྱིས་དེ་ཚོ་བླ་མས་མཛད་པ་རེད་ཅེས་གབ་མ་བཞག་ནས། གསལ་པོ་བཟོ་རྒྱུ་གལ་ཆེན་པོ་རེད། ཏོག་ཙམ་ཚེར་སྣང་བྱས་ཏེ། ངོ་ཚ་ཁྲེལ་ཡོད་ཀྱི་བསམ་བློ་སྐྱེས་རྒྱུར་ཕན་གྱི་རེད། དེ་མ་གཏོགས་བླ་མས་མཛད་པ་རེད་ལབ་ན། སྐྱག་ལངས་ཤོར་ནས་བསྟན་པའི་མཚན་ཤས་དང་། བོད་གངས་ཅན་གྱི་སངས་རྒྱས་ཀྱི་ཆོས་ལ་མཚན་ཤས་འགྲོ་ཡི་རེད། ང་རང་ནས་བཟུང་སྟེ་ང་ཚོ་ཚང་མར་འགན་ཡོད་པ་རེད། ཁྱེད་རང་ཚོ་མང་ཚོགས་ཡིན་ནའང་། དེ་འདྲ་ཞབས་འདྲེན་ཞུ་མཁན་བྱུང་ན། ཚགས་པར་ནང་བཀོད་པ་དེ་འདྲ་བྱས་ན་ཡག་ཤོས་རེད། དེ་ནས་ཏོག་ཙམ་བག་ཡོད་གནས་ཀྱི་རེད། སྤྱིར་བཏང་གྲོགས་པོ་ཉར་ན་སྐྱོན་ལ་མཛུབ་མོ་བཙུགས་ཟེར་གྱི་ཡོད་རེད། ཤ་ཚ་ཡོད་པས་ངས་ཤ་ཚ་བྱས་ཏེ་བཤད་ཀྱི་ཡོད་”ཅེས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

2014-11-05-NewYork-G04
gyalwarinpoche.com

༧གོང་ས་མཆོག་གིས་ཐོག་བཀའ་སློབ་གནང་དོན། “བརྩེ་བའི་བོད་གངས་ཅན་པ་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ཚང་མར་ཞུ་རྒྱུར། དེ་རིང་འདིར་ང་ཚོ་བོད་མི་འབོར་ཆེན་སྟོང་ཕྲག་བཞི་ལྔ་ཞིག་རུག་རུག་བྱས་ཏེ་ཐུག་སྐབས། གློ་བུར་བུ་བསམ་བློའི་ནང་བོད་ལ་བསླེབས་ཡོད་པའི་ཚོར་བ་བྱུང་། ཡང་ན་རྒྱ་གར་ནང་གི་གཞིས་ཆགས་ཆེ་ཁག་གཅིག་གི་ནང་བསླེབས་པའི་ཚོར་སྣང་བྱུང་། ཕྱོགས་གཅིག་ནས་ས་ཆ་འདི་ནི་ཨ་རིའི་ས་ཆ་རེད། རྒྱ་གར་དང་ཧ་ཅང་རྒྱང་ཐག་རིང་པོ་ཡིན་པ་མ་ཟད། འགྲོ་སོང་གང་ཙམ་བཏང་ན་མ་གཏོགས་ལས་སླ་པོ་འདིར་བསླེབས་ཐུབ་རྒྱུ་མེད། ཁྱེད་རང་ཚོ་འདིར་ནིའུ་ཡོཀ་ཏུ་བསླེབས་རྗེས་སོ་སོའི་འཚོ་གོས་དེ་འགྲིག་ཐག་ཆོད་ཡོད་པའི་ཐོག་བོད་མི་རིགས་ཀྱི་ལྷག་བསམ་དང་། ལ་རྒྱ། ཞེན་ཁོག་འགྱུར་བ་མེད་པར་གནས་ཡོད་པ་རེད།”ཅེས་དང་།
“ཁྱེད་རང་ཚོ་རྒྱ་གར་ནས་ཁྲིམས་མཐུན་དང་ཁྲིམས་འགལ་གང་འདྲ་བྱས་ནས་འབྱོར་བ་ཡིན་རུང་། འདིར་སླེབས་རྗེས་བོད་མིའི་ངོ་བོ་མ་བརླག་པར་བོད་སྤྱི་པའི་སེམས་ཤུགས་མ་ཉམས་པ་གནས་ཡོད་པར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་ས་ཆ་གསར་པ་འདིར་བསླེབས་ཏེ་ཕྲུ་གུ་གསར་པ་མང་པོ་བཟོས་འདུག ཕྲུ་གུ་དེ་དག་བོད་མི་འཁྲུལ་མེད་ཅིག་བཟོ་རྒྱུར་ཁྱེད་རང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་པ་ད་ལྟའི་ལས་བསྡོམས་འདིའི་ནང་ཡོད་པ་བཞིན་རེད། ཁྱེད་རང་ཚོས་བོད་ཡིག་བསླབ་རྒྱུས་མཚོན་ངལ་བ་དང་ལེན་གྱི་ཐོག་ནས་ལྷག་བསམ་ཆེ་བསྐྱེད་དང་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ཏེ་འབད་བརྩོན་གནང་བ་དེ་ཧ་ཅང་ཡག་ པོ་རེད་”བོད་པའི་རིག་གཞུང་སྐོར་ལ་དོ་སྣང་དགོས་སྐོར་གྱི་ལམ་སྟོན་གནང་ཡོད་པ་རེད།

དེ་བཞིན་༧གོང་ས་མཆོག་གིས་ད་ལྟ་ཆབ་སྲིད་ཀྱི་བགྲེས་ཡོལ་ཞུས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ལམ་ལུགས་མང་གཙོར་བསྒྱུར་ཡོད་སྐོར་དང་། “ང་སྐུ་ཕྲེང་བཅུ་བཞི་པ་རྒན་གཡོལ་ཕྱིན་པ་ཙམ་དུ་མ་ཟད། རྒྱལ་དབང་ལྔ་པ་ནས་བཟུང་། རྒྱལ་དབང་རིམ་པས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་ཟེར་དེ་མཇུག་རྫོགས་པ་ཡིན། ད་ཕྱིན་ཆད་རྒྱལ་བ་སྐུ་ཕྲེང་བཅོ་ལྔ་པ་ཡོང་དང་མི་ཡོང་ཐེ་ཚོམ་རེད། གལ་སྲིད་ཡོང་བ་ཡིན་ཡང་ཆབ་སྲིད་ཀྱི་དབང་ཆ་གང་ཡང་བྱེད་རྒྱུ་མེད་པ་གཙང་མ་བཟོས་བཞག་ཡོད་”ཅེས་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

དྲ་བརྙན། http://new.livestream.com/DalaiLamaTibetan/meeting/videos/67141544

Share this:
༡༨༥ ཀློག་གྲངས།