བལ་ཡུལ་དུ་ཞི་འགྲིག་མ་བྱུང་བར་རྒྱལ་ཚོགས་ལས་དོན་ཕྱིར་བསྡུ།

བལ་ཡུལ་རྒྱལ་ནང་དུ་རྒྱལ་སྲིད་སྲ་བརྟན་མེད་པ་དང་ནང་ཁུལ་ཆབ་སྲིད་རྩོད་རྙོག་ཞི་འགྲིག་མ་ཐུབ་པའི་དཀའ་ངལ་མུ་མཐུད་གནས་མུས་ཡིན་པ་དང་། ཐ་ན་ད་སྐབས་བལ་ཡུལ་རྒྱལ་ཁབ་ལ་གཞུང་འཛིན་དང་སྲིད་བློན་ཙམ་ཡང་མེད་པར་གནས་སྐབས་བར་བརྒལ་སྲིད་གཞུང་གིས་བསྐྱངས་ནས་བསྡད་ཡོད་ཀྱང་རྒྱལ་ནང་གི་ཆབ་སྲིད་དཀའ་རྙོག་དེ་ལ་བརྟེན། ད་བར་ཆེད་འཛུགས་ཀྱིས་མི་ལོ་ལྔ་མ་ཟིན་ཙམ་གྱི་རིང་ཞི་འགྲིག་གི་ལས་དོན་སྤེལ་མཁན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ United Nations Mission in Nepal (UNMIN) ཟེར་བ་ཟླ་འདིའི་ཚེས་ ༡༥ ཉིན་སྒོ་བརྒྱབ་སྟེ་ལས་དོན་ཁག་ཡོངས་སུ་ཕྱིར་བསྡུ་བྱེད་བཞིན་པ་དང་། དེ་ནི་ད་བར་བལ་ཡུལ་གཞུང་དང་སྲིད་དོན་ཚོགས་པ་ཁག་གིས་རེ་སྐུལ་བྱས་བ་ལྟར་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་དེ་བཙུགས་པ་ནས་ཐེངས་དྲུག་ཙམ་ལ་ལས་དོན་དུས་འགྱངས་བྱས་པའི་མཐར་ཐག་གཅོད་བྱུང་བ་ཡིན་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ཀྱིས་བརྗོད་ན། བལ་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་ཚོགས་པ་ཁག་གི་འགོ་ཁྲིད་བར་མུ་མཐུད་ཕན་ཚུན་མ་མཐུན་པའི་གནད་དོན་ཁག་མང་པོ་ཡོད་པ་དང་། གནས་སྟངས་དེའི་ཁྲོད་ཁོང་ཚོའི་ཞི་འགྲིག་ལས་དོན་ཁག་ལ་གྲུབ་འབྲས་མ་བྱུང་བའི་སྐོར་གསུངས་ཡོད་པ་རེད། ཉེ་བའི་ནང་བལ་ཡུལ་དུ་གཞུང་འབྲེལ་གཟིགས་སྐོར་ལ་འབྱོར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ཕྱག་རོགས་ཀྱིས་ས་གནས་སུ་གནས་སྟངས་རྟོག་ཞིབ་རྗེས། བལ་ཡུལ་ནང་ཞི་འགྲིག་གི་ལས་དོན་ད་དུང་ཡང་ཛ་དྲག་གི་གནས་སུ་གྱུར་ཡོད་པས་བལ་ཡུལ་ནང་རྒྱལ་ཚོགས་ཀྱི་ཞི་འགྲིག་ལས་དོན་མཚམས་འཇོག་ཕྱིར་བསྡུ་གནང་རྒྱུའི་དུས་ཚོད་དེ་རན་པོ་བྱུང་མེད་ཀྱང། སྲིད་དོན་ཚོགས་པའི་གནད་ཡོད་དཔོན་རིགས་བར་ཡུལ་ནང་ཞི་བདེ་ཞི་འགྲིག་བསྐྲུན་རྒྱུར་ཕན་ཚུན་གུ་ཡངས་དང་བསམ་ཤེས་འགྲིག་མཐུན་གཏན་ནས་མ་བྱས་སྟབས་དེ་ལྟར་བྱེད་དགོས་བྱུང་བ་དང་། རབ་བྱུང་ན་རྒྱལ་ཁབ་སྲ་བརྟན་ཞི་འགྲིག་ཆེད་སྲིད་དོན་ཚོགས་པ་ཆེ་ཁག་གི་གཙོས་ཚང་མས་ལྷག་བསམ་རྣམ་དག་གིས་གཞུང་འཛིན་གྱི་འགན་ཁུར་མཉམ་ལེན་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བཟོ་ལེགས་འགྲུབ་ཆེད་འབད་པ་བྱས་ན་ཁོང་ཚོའི་རྒྱལ་ཚོགས་ཀྱི་ལས་དོན་ཕྱིར་བསྡུ་གནང་གཏན་འཁེལ་ཡང་བལ་ཡུལ་གྱི་ཞི་འགྲིག་ལས་དོན་འགྲུབ་ཕྱོགས་ཐད་མུ་མཐུད་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་པ་གསལ་བཤད་བྱས་ཡོད།

གནས་སྟངས་དེའི་ཁྲོད་བལ་ཡུལ་རྒྱལ་ཁབ་གྱི་ཆབ་སྲིད་དཀའ་རྙོག་གནས་སྐབས་སེལ་ཐུབ་པའི་རྣམ་པ་མེད་ཐོག་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་ཁུངས་ཕྱིར་བསྡུ་བྱེད་བཞིན་པར་སེམས་ཁྲལ་བྱེད་མཁན་མི་ཉུང་བ་ཡོང་བཞིན་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ United Nations Mission in Nepal (UNMIN) ཟེར་བ་བལ་ཡུལ་གཞུང་གིས་རེ་སྐུལ་གནང་བ་ལྟར་ཕྱི་ལོ་༢༠༠༧ ལོའི་ལོ་འགོར་བཙུགས་ནས་ད་བར་རྒྱལ་ནང་གི་གཞུང་དམག་དང་མའོ་ཚོགས་པའི་དམག་མི་ཁོང་ཚོའི་ཕྱོགས་གཉིས་ཀྱི་གོ་མཚོན་ལ་བལྟ་སྲུང་སྟངས་འཛིན་དང་། མཐའ་མཚམས་སྡོད་སྒར་ཁག་ལ་ཡོད་པའི་མའོ་ཚོགས་པའི་དམག་མི་ཁྲི་གཉིས་མ་ཟིན་ཙམ་ཡོད་པ་ཚོའི་མདུན་ལམ་དང་འབྲེལ་བའི་གནད་དོན་ཐག་གཅོད་། རྩ་ཁྲིམས་གསར་བཟོ། གཞུང་འཛིན་སྲ་བརྟན། རྒྱལ་ཡོངས་འོས་བསྡུ་སོགས་ཡོང་ཐབས་ལ་འབད་བརྩོན་དང་ལས་དོན་སྤེལ་ཡོད་ཀྱང་ལམ་ལྷོང་བྱུང་མེད་པ་རེད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||