སྨྱུག་ཁ་གཞན་ཞིག་གིས་སྒྱུར་སྲིད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༡  ཕྱི་ལོ་ ༢༠༡༢/༦/༢༠

འཛམ་བུའི་གླིང་གི་ནང་ནས་རྒྱ་གར་རྒྱལ་ཁབ་དང་རྒྱ་གར་མི་མང་དེ་བོད་དོན་ལ་རྒྱབ་སྐྱོར་ཆེ་ཤོས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་དེ་ཕྱོགས་གང་ནས་བལྟས་ཀྱང་ཁ་ཚོད་བཅད་ནས་བཤད་ཐུབ།

འོན་ཀྱང་རྒྱ་གར་གྱི་བརྒྱུད་ལམ་ཁག་ལ་མཚོན་ན་མང་པོ་ཞིག་འུད་སྒྲོག་བྱེད་རྒྱུར་དགའ་བ་དང། དངོས་ཡོད་གནས་ཚུལ་བརྗོད་པ་ལས་ཟློག་ཕྱོགས་ནས་བརྗོད་ན་མི་མང་གི་དོ་སྣང་འགུག་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་གར་ནང་གསར་འགོད་རང་དབང་གི་ཐོབ་ཐང་ཧ་ཅང་རྒྱ་ཆེན་པོ་ཡོད་སྟབས། གསར་འགོད་པ་ཁག་ཅིག་རང་དབང་དང་ཐོབ་ཐང་གི་མིང་ཐོག་ནས་དཔལ་འབྱོར་གྱི་རྗེས་སུ་འབྲངས་མི་སྲིད་པའང་མ་རེད།

དམིགས་བསལ་གླེང་འདོད་པ་ནི། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་བོད་དོན་སྐོར་འཁོད་པ་འུད་སྒྲོག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང། སྐབས་རེ་ཆེད་དུ་ར་མགོ་ལུག་སྦྱར་གྱིས་བཀོད་པའང་ཉུང་ཉུང་གཏན་ནས་མིན། དེའང་བོད་དོན་གསར་འགྱུར་གཅིག་པུའི་ཆེད་དུ་བྱས་པ་ཞིག་མིན་པར། སྤྱི་ཡོངས་གསར་འགོད་པ་མང་ཆེ་བའི་བྱེད་སྟངས་ཤིག་རེད། དེ་ཡང་རྒྱ་གར་གྱི་སྲོལ་རྒྱུན་སྙན་ངག་གི་ཉམས་འགྱུར་གླེང་བའི་སྐབས་ལྷ་ཁྲོ་བོ་ཞིག་ལ་བསྟོད་པ་བྱེད་སྐབས་མིག་ཧ་ཅང་ཆེ་བས་གདོང་ལ་ཤོང་གི་མི་འདུག་ཅེས་འུད་སྒྲོག་བྱེད་པའི་ཉམས་དེ་རྒྱ་གར་ལྷོ་ཕྱོགས་པའི་འདོད་ཚུལ་དང། མིག་ཆེ་བས་ནམ་མཁའ་ལའང་ཤོང་གི་མི་འདུག་འུད་སྒྲོག་བྱེད་ཚུལ་དེ་རྒྱ་གར་ཤར་ཕྱོགས་པའི་འདོད་ཚུལ་ཡིན།

དེ་ལྟ་བུའི་འུད་སྒྲོག་བྱེད་པ་ནི། སྲོལ་རྒྱུན་ནས་བརྒྱུད་པ་ཞིག་ཡིན་པ་ཤེས་ཐུབ་ལ། ད་ལྟའི་ཆར་ཚོང་གི་བཅའ་ལག་ཁྱབ་བསྒྲགས་བྱེད་སྐབས་འུད་བརྗོད་རང་བཞིན་ཐོག་ནས་འཛམ་གླིང་ཁྲོད་རྒྱ་གར་ཡག་ཤོས་ཡིན་ཚུལ་གླེང་སྲོལ་ཡོད་པ་བཞིན། ཁྱབ་བསྒྲགས་བྱེད་སྟངས་ཐོག་ནས་བཤད་ན་ཡག་པོ་ཡིན་སྲིད་ཀྱི་རེད་དེ། གསར་འགྱུར་གྱི་ལས་དོན་ཐོག་ནས་ཐབས་ལམ་དེ་ཧ་ཅང་འོས་འཚམས་ཤིག་མིན་པ་དང། སྐབས་རེ་དངོས་ཡོད་གནས་ཚུལ་ལས་བརྒལ་ནས་འུད་སྒྲོག་ཤུགས་ཆེ་བྱས་ནས་ཉེས་མེད་ཀྱི་མི་མང་པོ་ཞིག་གི་ལུས་སེམས་གཉིས་ལ་རྡུང་རྡེག་ཚབས་ཆེ་གཏོང་གི་ཡོད་པའང། རང་བཞིན་གྱིས་སྣང་མེད་གཏོང་བ་ནི་གསར་འགོད་པའི་ཀུན་སྤྱོད་རྣམ་གཞག་ཐོག་ནས་རན་འཚམས་ཤིག་མིན།

བོད་དོན་སྐོར་ལ་འུད་བརྗོད་ཤུགས་ཆེ་བྱེད་པ་ནི། བཙན་བྱོལ་བོད་གཞུང་གིས་བོད་པའི་གསར་འགོད་པ་རྣམས་དང་བསྡུར་ན་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་ཆེ་མཐོང་ཅུང་ཙམ་ཡོད་ཀྱང། ནུབ་ཕྱོགས་པའི་གསར་འགོད་པ་རྣམས་དང་བསྡུར་ན་རྒྱ་གར་གྱི་གསར་འགོད་པ་རྣམས་ལའང་དོ་སྣང་དང་ཆེ་མཐོང་དེ་ཙམ་གནང་གི་མི་འདུག་ཅེས། རྒྱ་གར་གྱི་གསར་འགོད་པའི་ནང་གནད་དོན་འདི་ལ་ཚོར་བ་ཆེན་པོ་ཡོད་མཁན་མང་པོ་ཡོད། དུས་རྒྱུན་གསར་འགོད་པ་རྣམས་དང་འབྲེལ་བ་མེད་པ་དང། ཛ་དྲག་གི་གནས་ཚུལ་རེ་ཐོན་སྐབས་གཞི་ནས་གསར་འགོད་པ་རྣམས་ལ་འབྲེལ་བ་བྱས་ཀྱང། གནས་ཚུལ་དེ་དག་བརྒྱུད་ལམ་ཁག་ཏུ་ཧ་ཅང་ཐོན་དཀའ་བ་དང། བོད་པས་ཅུང་མ་འགྲིག་པའི་གནས་ཚུལ་རེ་ཐོན་སྐབས་ཆེད་དུ་འུད་སྒྲོག་བྱེད་པ་འདི་ལ་ཤུགས་རྐྱེན་ཅུང་ཙམ་རེ་ཐེབས་ཡོད་སྲིད་པ་རེད།

ལྷག་དོན་ཉེ་བའི་ལོ་གཅིག་ཙམ་ནས་བཟུང་༧རྒྱལ་དབང་ཀརྨ་པ་དང་འབྲེལ་བའི་གསར་འགྱུར་མང་དག་ཅིག་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ་འུད་སྒྲོག་ཁོ་ན་དང་སྦྲགས་ནས་འབྲི་བཤད་བྱས་ཡོད་ལ། དེ་ཡང་རྒྱ་མིའི་གསང་ཉུལ་ཞེས་པ་ལྟ་བུ་གཞི་རྩ་གཏན་ནས་མེད་པའི་དཀྲོག་གཏམ་བཤད་པ་ལྟ་བུའང་བྱུང་ཡོད། དེའང་ང་ཚོའི་ཉེ་འགྲམ་གྱི་ས་གནས་དང། ལྷག་དོན་ཧི་མ་ཅལ་མངའ་སྡེའི་ནང་ནས་གཙོ་བོ་ཡོང་གི་ཡོད་པ་རེད། འུད་སྒྲོག་དེ་དག་ལ་སྔ་རྗེས་སུ་ཁག་དཀྲི་ས་ཅུང་ཙམ་རེ་བྱུང་ཡོད་ཀྱང། དེ་དང་འབྲེལ་ནས་རྒྱ་མིའི་གསང་ཉུལ་ཟེར་བ་ལྟ་བུ་སོགས་གཞི་རྩ་དང། རྒྱབ་ལྗོངས་ག་འདྲ་ཞིག་གི་ཐོག་ནས་གླེང་གི་ཡོད་མེད་ཀྱང་བཤད་ཚོད་ཐིག་དཀའ་བ་ཞིག་རེད།

དེ་ཡང་ཆོས་ལུགས་མི་འདྲ་བའི་ཤུགས་རྐྱེན་དང། ཡང་ན་ཕྱི་ལོ་༡༩༥༩ ལོར་བོད་པ་རྣམས་ཧ་ཅང་གནས་སྟངས་སྐྱོ་བོ་ཞིག་གི་ཐོག་ནས་སྐྱབས་བཅོལ་དུ་སླེབས་པ་དང། རྒྱ་གར་གཞུང་གི་ཐུགས་རྗེ་བཀའ་དྲིན། དེ་བཞིན་མང་གཙོ་དང་རང་དབང་ཆེ་ཤོས་ཀྱི་ལུང་པ་ཞིག་ཡིན་སྟབས་བོད་པ་སྐྱབས་བཅོལ་བ་རྣམས་ཀྱི་འཚོ་ཐབས་ཡར་རྒྱས་སོང་ཡོད་པ་ལྟར། བྱེད་སྟངས་ཀྱང་༡༩༥༩ ལོའི་གནས་སྟངས་དང་མ་འདྲ་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པས་ཀྱང་ཡིན་སྲིད། གང་ལྟར་རྒྱ་དམར་དྲག་གཞུང་གི་དཔལ་འབྱོར་ཤུགས་རྐྱེན་ལ་བརྟེན་ནས་གསར་འགོད་པ་རྣམས་ཀྱི་སྨྱུག་ཁ་བསྒྱུར་སོང་བ་མིན་པའི་རེ་བ་ཡོད་ལ། བཙན་བྱོལ་བོད་པའི་གནད་ཡོད་མི་སྣ་རེ་ཟུང་གནད་དོན་འདི་རིགས་དང་ས་འོག་དར་ཐག་གི་འབྲེལ་བ་མེད་པའི་རེ་བ་དེ་བས་ཀྱང་ཆེན་པོ་ཡོད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||