མདོ་སྨད་རྔ་པ་དཔའ་བོའི་ལུང་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༡ ཕྱི་ལོ་ ༢༠༡༢/༨/༢༩
ད་ལྟའི་ཆར་བོད་ནས་གནས་ཚུལ་འབྱོར་བ་དང་སླར་ཡང་རང་ལུས་མེ་མཆོད་འབུལ་མཁན་ཞིག་བྱུང་བ་མིན་ནམ་བསམ་པའི་སེམས་ཚོར་དང་དངངས་སྐྲག་ཅིག་རང་བཞིན་གྱིས་ཡོང་གི་འདུག་ལ། སའི་གོ་ལ་ལག་མཐིལ་ཏུ་འཛིན་པའི་བརྡ་འཕྲིན་གྱི་དུས་རབས་འདིར་བོད་གཞིས་བྱེས་གཉིས་ཀྱི་གནས་ཚུལ་ཡང་།

གཅིག་ལ་གཅིག་བརྒྱུད་ཀྱིས་གོ་རྟོགས་ཐུབ་རྒྱུར་དེ་ཙམ་དཀའ་ངལ་མེད་པར་གྱུར་ཡོད། ཁ་སང་ཞོགས་པ་ནས་བོད་ནང་གི་གྲོགས་པོ་མང་པོ་ཞིག་གིས་མདོ་སྨད་རྔ་པ་རུ་མི་གཉིས་ཀྱིས་སླར་ཡང་རང་ལུས་མེར་སྲེག་བཏང་སོང་ཞེས། གཅིག་རྗེས་གཉིས་མཐུད་ཀྱིས་གནས་ཚུལ་འབྱོར་སོང་ནའང། ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གཉིས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུར་ངང་སྒུག་བྱས་ནས་བསྡད་པ་ཡིན།

བོད་གནས་འབྲེལ་མཐུད་པ་གཉིས་ཀྱིས་སྤེལ་བའི་གནས་ཚུལ་དེ་ནམ་རྒྱུན་ཁུངས་དག་པོ་ཡོད་པ་དང། ཕྱོགས་གཅིག་ནས་གནས་ཚུལ་གཅིག་བརྒྱུད་ལམ་ཁག་ནས་བཤད་སྟངས་མི་འདྲ་བ་མི་ཡོང་བར་གཅིག་མཚུངས་ཡོང་ཆེད་དུའང་དམིགས་ཡོད། ད་ལན་ཕྱི་ཚེས་༢༧ ཉིན་སླར་ཡང་བོད་མདོ་སྨད་རྔ་པ་རུ་རྒྱལ་གཅེས་དཔའ་བོ་བློ་བཟང་སྐལ་བཟང་དང། དམ་ཆོས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག ཁ་སང་ནས་བཟུང་ང་ཚོའི་ཤེས་རྟོགས་བྱུང་བ་ལྟར་ན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༥༡ དང་། དེའི་ནང་ནས་འདས་གྲོངས་སུ་གྱུར་པ་༤༡ ཡིན་ལ། དེའི་ནང་ནས་བརྒྱ་ཆ་ལྔ་བཅུ་ཙམ་མདོ་རྔ་པ་རང་ནས་ཡིན། དེར་བརྟེན་སྔོན་མ་ཡིན་ན་རྔ་པ་ཚོང་པའི་ལུང་པ་ཞེས་བརྗོད་ཚུལ་ཡོད་པ་བཞིན། ད་ལྟའི་ཆར་རྔ་པ་དཔའ་བོའི་ལུང་པ་ཞེས་བརྗོད་ན་དོན་དང་ལྡན་ཞིང་འོས་ཤིང་འཚམས་ཞིག་ཏུ་གྱུར་ཡོད།

སྤྱིར་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་གྲངས་ཀྱིས་མི་ལོངས་པ་ཞིག་ཡོད་ཀྱང། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་བ་ནི། གསོན་རྒྱུའི་རེ་བ་ཏིལ་འབྲུ་ཙམ་ཡང་སེམས་ནང་དུ་བཟུང་མེད་པར། ༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་ཐུབ་པ་དང། བོད་རྒྱལ་ཁབ་ལ་རང་དབང་རང་བཙན་གྱི་བདེ་སྐྱིད་ཅིག་རག་སོང་ན། རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་རྒྱུར་ཕངས་སེམས་རྩ་བ་ནས་མེད་པ་འདི་ནི་དོན་དམ་པར། བདག་ལས་གཞན་གཅེས་ཀྱི་ཉམས་ལེན་ཚད་མཐོ་ཤོས་བྱེད་མཁན་གྱི་བྱང་ཆུབ་སེམས་དཔའ་དངོས་དེ་རེད་ཅེས་བརྗོད་ཆོག  གནད་དོན་འདིའི་ཐོག་ནས་ང་ཚོའི་དགྲ་བོའི་དྭངས་མར་གྱུར་པ་མའོ་ཙེ་ཏུང་གིས་གསོན་པ་རླབས་ཆེ་ཞིང། ཤི་བ་གཟི་བརྗིད་ཆེ་ཞེས་པའི་སྐད་ཆ་དེ་ལའང་བདེན་དོན་ཞིག་འདུག་བསམ་པའི་ངེས་ཤེས་མི་སྐྱེ་ཀ་མེད་དུ་གྱུར་སོང།

ངས་དེ་རིང་འདིར་རྔ་པ་དཔའ་བོའི་ལུང་པ་ཞེས་སེམས་ཤུགས་སྤར་ནས་ད་དུང་མུ་མཐུད་རང་ལུས་མེར་སྲེག་གཏོང་མཁན་མང་དུ་འགྲོ་ཆེད་དུ་གཏན་ནས་མིན་པར། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་སྐུ་ལུས་མཆོད་མེར་སྦར་པའི་སྐུ་སྲོག་གི་རིན་ཐང་ལ་རྒྱ་དམར་གཞུང་གིས་རྩིས་ཤིག་བརྒྱབ་ན། ད་ནི་བོད་ལ་རང་དབང་སྤྲོད་ཆོག་པའི་ཚོད་དུ་ཡོད་ཀྱང། ཡ་ལན་དང་ཉན་འཇོག་གང་ཡང་མེད་པར་བརྟེན། གནས་སྐབས་ཤིག་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་སྐུ་སྲོག་མཆོད་མེར་སྦར་བ་དེ་གྲངས་ཀ་ཙམ་དུ་གྱུར་སོང་ན། ཆེས་བློ་ཕམ་གྱི་རང་བཞིན་ཞིག་ཏུ་འགྱུར་ཉེན་ཡོད་པས། སྐུ་སྲོག་བློས་གཏོང་མི་དགོས་པར་དེ་ལས་གཞན་པའི་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་བསྒྲུབ་ཐུབ་པ་བྱུང་ན་བསམ་པའི་སེམས་གཏིང་གི་རེ་བ་ཙམ་བརྗོད་པ་ཡིན།

གཞན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་སྙིང་སྟོབས་དང་བློས་གཏོང་ལ་སེམས་གཏིང་ནས་བསྔགས་བརྗོད་ཞུ་བ་ཙམ་ལས། འདི་བྱེད་འོས་པ་དང། འདི་བྱེད་མི་འོས་པ་རེད་ཞེས་བརྗོད་པའི་སྤོབས་པ་ཡོད་མཁན་གྱི་བོད་མི་སུ་གཅིག་མེད་པ་ནི། ཕྱོགས་གང་ནས་བལྟས་ཀྱང་བཤད་མ་དགོས་པ་རེད། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་མཛད་རྗེས་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་འབད་བརྩོན་རབས་དང་རིམ་པ་བྱེད་བཞིན་ཡོད་ནའང། དེ་དང་འཚམས་པའི་གྲུབ་འབྲས་འདི་རེད་བསམ་པ་ཞིག་ཡོང་རྒྱུ་དེ་ང་ཚོའི་ལག་ཏུ་མེད་པས། བོད་མི་འདས་གསོན་ཚང་མ་བློ་ཕམ་ངང་གནས་པ་ལས་ཐབས་ཤེས་གཞན་གང་ཡང་མི་འདུག

ལྷག་དོན་དུ་མདོ་སྨད་རྔ་པ་ཁུལ་གྱིས་གཙོས་བོད་རིགས་དཔའ་བོ་དཔའ་མོ་དེ་དག་གིས་རང་སྲོག་བློས་གཏོང་གནང་བའི་བཀའ་དྲིན་དང་མཛད་རྗེས་ལ་བརྟེན་ནས། གཞིས་བྱེས་བོད་མི་ཡོངས་ལ་སེམས་འགུལ་ཚད་མེད་ཐེབས་ཡོད་པ་དང། བོད་མི་རིགས་ཀྱི་བདེན་མཐའ་དུས་ཚོད་ཐུང་ངུའི་ནང་གསལ་མི་ཐུབ་པའི་དབང་དུ་བཏང་ཡང། བོད་མི་རིགས་ཀྱི་བསམ་བློའི་ནང་དུ་འཐབ་རྩོད་ཀྱི་ངར་ཤུགས་དེ་བུ་རབས་ཚ་བརྒྱུད་ལ་གནས་ཐུབ་པ་ཞིག་བྱུང་སོང་བ་དང། རྒྱལ་སྤྱིའི་ཐོག་ནས་ཀྱང་སྔོན་དང་མི་འདྲ་བར་བོད་དོན་ལ་དོ་སྣང་མང་དུ་འགྲོ་བཞིན་ཡོད་པ། ལྷག་དོན་རྒྱ་ནག་ནང་གི་འགྱུར་ལྡོག་སོགས་ཕྱོགས་གང་ལ་གཞིགས་ཀྱང་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་དུས་ནམ་ཡང་སུ་ཞིག་གིས་བསུབ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་རེད། དེར་བརྟེན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་དག་གི་མཛད་རྗེས་ནི་དུས་ནམ་ཡང་བོད་མི་རིགས་ཀྱི་སེམས་ནང་དུ་གནས་ཡོད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||