ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

ཕྱི་ཟླ་༡༡ པའི་ཚེས་༣ ཉིན་ཉེ་ཆར་རྒྱ་ནག་གིས་འཇུ་བཟུང་བྱས་པའི་པ་སངས་དབང་ཕྱུག་ལ་རྒྱ་ནག་ཉེན་རྟོག་པས་འདྲི་གཅོད་སྣ་ཚོགས་བྱས་རྗེས་གློད་གྲོལ་བཏང་ཡོད་འདུག

དེ་ཡང་འདི་ལོའི་ཕྱི་ཟླ་༡༠ ཚེས་༤ ཉིན་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་གི་ཁྲོམ་དཀྱིལ་དུ། ཚོང་པ་པ་སངས་དབང་ཕྱུག་(མིང་གཞན་སྔོ་འབྲུ།)གིས་ལག་ཏུ་རས་དར་ཆེན་པོ་ཞིག་གི་ཐོག་ཏུ་བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཆོས་དད་རང་མོས་དགོས། རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་འབོད་ཚིག་བྲིས་ཏེ། རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཡོད་པ་རེད།

basang wangchuk3
པ་སངས་དབང་ཕྱུག་གིས་ངོ་རྒོལ་བྱེད་བཞིན་པའི་སྐབས།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་བཙོན་འཇུག་བཀག་ཉར་རིང་འདྲི་གཅོད་གཙོ་བོ་རས་དར་ཐོག་ཏུ་བཀོད་པའི་ཡི་གེ་དེའི་སྐོར་ཡིན་པ་དང་། ཉེན་རྟོག་པས་ཁྱེད་རང་ལ་ཆོས་ལུགས་དད་པ་རང་མེད་པ་ག་རེ་ཆགས་སོང་། ཡར་དཀར་མཛེས་དགོན་པ་སོགས་ལ་ཕྱག་དང་མཆོད་འབུལ་བྱེད་མཁན་འགྲོ་ཆོག་གི་མི་འདུག་གམ་ཞེས་བརྗོད་དུས། ཁོང་གིས། གལ་སྲིད་ཆོས་ལུགས་དད་པ་རང་མོས་ཡིན་ན་བོད་ཀྱི་ཆོས་ལུགས་ཀྱི་བླ་མ་ཆེ་ཤོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མི་ཆོག་པ་དང་། ཁོང་གི་མདུན་ནས་བཀའ་དབང་ཞུ་མི་ཆོག་པ་ཅི་རེད་ཅེས་ལན་འདེབས་བྱས་ཡོད་འདུག

ཉེན་རྟོག་པས་བོད་ལ་རང་དབང་མེད་པ་ཅི་རེད། ཁྱེད་རང་ཚོང་བརྒྱབ་ནས་གང་སར་འགྲོ་ཆོག་གི་མི་འདུག་གམ་ཞེས་པའི་ལན་དུ། ཁོང་གིས། རང་དབང་ཡོད་ན་ངས་ནག་ཉེས་གང་ཡང་བྱས་མེད་པས་ང་གཙོན་ཁང་ནང་དུ་བཅུག་དགོས་དོན་གང་རེད། བདེན་སྡུག་སྨྲ་བརྗོད་ཀྱི་རང་དབང་མེད་པ་འདི་ཅི་རེད། རྒྱ་མི་རིགས་ནང་བཞིན་བོད་ལ་འདྲ་མཉམ་གྱི་ཐོབ་ཐང་མེད་པ་གང་རེད་ཅེས་ལན་འདེབས་བྱས་ཡོད་འདུག

དེ་བཞིན་རས་དར་ཐོག་ཏུ་བོད་རྒྱ་ཞི་བའི་གྲོས་མོལ་དགོས་ཟེར་བྲིས་ཡོད་པས། དེ་གང་ཡིན་སྐོར་ཉེན་རྟོག་པས་འདྲི་སྐབས། ད་ལྟར་བོད་མི་ཁྲི་ཚོ་བཅུ་ལྷག་ཕྱི་ལོག་ཡོད་པ་དང་གྲོས་མོལ་བྱས་ནས་དེ་ཚོ་ཚང་མ་བོད་ནང་དུ་ཡོང་ཆོག་རྒྱའི་དབུ་མའི་ལམ་ནས་གྲོས་མོལ་བྱེད་དགོས་ཞེས་ལན་འདེབས་བྱས་ཡོད་འདུག་ལ། ལས་འགུལ་དེ་འདྲ་སྤེལ་རྒྱུའི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་ཉེན་རྟོག་པས་དྲིས་པའི་ལན་དུ། བོད་མི་རིགས་ལ་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་གི་ཐོབ་ཐང་དེ་དགོས་སྐོར་དང་། བོད་ཀྱི་རྒྱལ་བཅེས་དཔའ་བོ་དཔའ་མོ་མ་བརྗེད་དགོས་ཞེས་རས་དར་ཐོག་བྲིས་ཡོད་པས། དེ་ནི་རྒྱལ་བཅེས་དཔའ་བོ་དཔའ་མོ་ཟེར་ན་རང་གཅིག་པུར་བསམ་བློ་གཏོངམཁན་མ་ཡིན་པར་རང་མི་རིགས་ཀྱི་བདེ་སྡུག་ཆེད་དུ་དཀའ་ལས་རྒྱག་མཁན་དེ་ཚོ་ལ་ཟེར་གྱི་ཡོད་སྐོར་སོགས་ཉེན་རྟོག་པར་ལན་འདེབས་བྱས་ཡོད་འདུག དེ་བཞིན་བོད་ཕྱི་ལོག་ལ་འབྲེལ་བ་ཡོད་མེད་སོགས་ཀྱི་སྐོར་ལ་མང་པོ་དྲིས་ཡོད་འདུག

པ་སངས་དབང་ཕྱུག་གློད་གྲོལ་བཏང་བ་རྒྱུ་མཚན་གང་ཡིན་གསལ་པོ་ཞིག་ད་དུང་ཤེས་ཀྱི་མེད་པ་དང། གཅིག་བྱས་ན་ངོ་ཤེས་མང་པོ་ཡོད་པས་ཁོང་ཚོས་རོགས་བྱས་པ་ཡིན་དང་། ཡང་ན་ཁོང་གིས་ནག་ཉེས་གང་ཡང་བསག་མེད་པས་གློད་གྲོལ་བཏང་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
གནས་ཚུལ་སྔོན་མ།
http://bangchen.net/b-35/

Share this:
༢༡༥ ཀློག་གྲངས།