ཚིག་མཛོད་རྩོམ་སྒྲིག་ལས་གཞི་དང་འབྲེལ་བའི་གསལ་བསྒྲགས།

༈  གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་དཔལ་གསང་ཆེན་སྔ་འགྱུར་པའི་མ་དགོན་ཆེན་མོ་དྲུག་གིས་གཙོས་དགོན་སྡེ་གྲྭ་ཚང་དང་བཤད་གྲྭ་ཁག་གི་དབུ་འཛིན་ལས་སྣེ་ཡོངས་ཀྱི་གསེར་སྙན་རིན་པོ་ཆེར་ཆེད་གསོལ།

དེ་ཡང་༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་སྐུ་སྒེར་ཡིག་ཚང་གི་ལམ་སྟོན་ལྟར་༼སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་༽ནས་རྩིས་འཕྲུལ་ནང་བཀོལ་རྒྱུའི་བོད་ཀྱི་ཚིག་མཛོད་ཆེན་མོ་ཞིག་ལོ་དགུའི་ནང་རྩོམ་སྒྲིག་གནང་རྒྱུའི་ལས་འཆར་བརྩམས་གནང་བ་ལ་རང་གཞུང་ཆོས་རིག་ལས་ཁུངས་དང་། སྐུ་སྒེར་ཡིག་ཚང་ནས་ཀྱང་ལས་གཞི་འདིར་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་འཛིན་པ་ཡོངས་ནས་མི་ཟོག་རྒྱུ་གསུམ་གྱིས་ཕྱར་གྲུ་མཉམ་འདེགས་དགོས་པའི་རྒྱབ་གཉེར་བཀའ་ཡིག་ཕེབས་ཡོད་ལ། བརྡ་འཕྲིན་ཞིབ་འཇུག་ཁང་ནས་ཀྱང་ལས་གཞི་འདིའི་སྐོར་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་རྣམ་པར་སྙན་སྒྲོན་ཞུས་པ་བཞིན། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལའང་སྙན་གསེང་ཞུས་རྗེས་བཀའ་ཁྲོལ་གནང་ཡོད་པ་མཁྱེན་གསལ་ལྟར་ལགས།

དེ་བཞིན་སྔ་ལོར་རྒྱལ་ཡོངས་རྙིང་མའི་སྨོན་ལམ་སྐབས་སུ་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོའི་འགན་འཛིན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཞེ་ཆེན་དགོན་དུ་ལས་གཞི་འདིའི་ཆེད་སྔ་འགྱུར་བའི་བླ་ཆེན་ཁག་གིས་དབུས་མཁན་སྤྲུལ་བླ་སློབ་ལས་སྣེ་ཁག་ཚང་འཛོམས་ཐོག་ཉིན་གཉིས་རིང་གྲོས་བསྡུར་ཞིབ་མོར་གནང་སྐབས། དཔལ་སྔ་འགྱུར་བའི་ཐུན་མིན་ཟབ་རྒྱས་ཀྱི་ཆོས་ཚིག་རྣམས་བསྡུ་སྒྲིག་གནང་སའི་རྩོམ་སྒྲིག་ཁང་ཞིག་ཟུར་འཛུགས་དགོས་གལ་གཟིགས་ཏེ། རྙིང་མ་སྨོན་ལམ་གཞུང་ནས་རྒྱུ་སྦྱོར་གྱི་མཐུན་རྐྱེན་དང་། མཁན་ཆེན་པདྨ་ཤེས་རབ་མཆོག་གིས་ལས་གཞི་འདིའི་འགན་འཛིན་གནང་ནས་རྣམ་གྲོལ་གླིང་གིས་གཙོ་འགན་འཁུར་དགོས་རྒྱུ་དང་། བཤད་གྲྭ་དང་དགོན་སྡེ་གཞན་ཁག་ནས་ཀྱང་སྐབས་བབ་ཕྱག་རོགས་གང་ཐུབ་གནང་དགོས་རྒྱུའི་གྲོས་ཆོད་བྱུང་དོན་ལྟར། ཆེད་བསྐོས་རྩོམ་སྒྲིག་པ་བཞི་ལས་དོན་འདིའི་ཆེད་ཉིན་གཉིས་རིང་དྷ་སར་ཚིག་མཛོད་རྩོམ་སྒྲིག་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོར་བཅར་བ་ཡིན།
ཕྱི་ཟླ་ ༤ ཚེས་ ༧ ཉིན་གདན་ས་རྣམ་གྲོལ་གླིང་དུ་༼རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་༽ཞེས་པའི་ལས་ཁུངས་ཤིག་ཟུར་བཙུགས་ཐོག་ད་ལྟའི་ཆར་དངོས་སུ་ལག་བསྟར་བྱེད་བཞིན་པ་ཡིན། འོན་ཀྱང་དཔལ་གསང་ཆེན་སྔ་འགྱུར་པའི་ཐུན་མིན་མདོ་སྔགས་གཉིས་ཀྱིས་བསྡུས་པའི་གཞུང་ལུགས་རབ་འབྱམས་རྣམས་ནི། ཟབ་ཅིང་རྒྱ་ཆེ་བ་ཤ་སྟག་ཡིན་སྟབས། གང་ཟག་རེ་གཉིས་ཤིག་གིས་རང་གར་རྩོམ་སྒྲིག་ཐུབ་ཐབས་མེད་དུས། སྔ་འགྱུར་བའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་གྲྭ་ཚང་དང་། བཤད་གྲྭ་ཡོངས་ནས་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་སྨོས་མེད་ལགས།
དེའང་ཐ་སྙད་བསྡུ་སྒྲིག་བྱ་སའི་ཁུངས་ནི། གྲུབ་མཐའ། དགོན་སྡེ་དང་རི་ཁྲོད། བླ་བྲང་། ལྷ་ཁང་། མི་སྣ། བརྩམས་ཆོས། ངེས་ཚིག མཚན་ཉིད། གྲངས་འདྲེན། ཤེས་པའི་སྐོར། དཀྱིལ་འཁོར། ཉན་རང་། སངས་རྒྱས། བྱང་སེམས། ལྷ་དང་སྲུང་མ། འབྱུང་པོ་མི་མ་ཡིན། ཕྱག་རྒྱ་དང་གར་འཆམ། འཕྲུལ་འཁོར། མཆོད་རྫས། ཆས་གོས། མདོས་གླུད་དང་གཏོར་མ། གནས་རི་སོགས་ཡིན་པས། རང་རང་གི་ཐུན་མིན་ཆོས་ཚིག་ཁག་གིས་གཙོས་དཔལ་སྔ་འགྱུར་བའི་ཐ་སྙད་གང་མང་མང་ཞིག་ཕྱོགས་སྒྲིག་དང་། བརྡ་ཆད་འགྲེལ་བཤད་བཅས་ཁུངས་ལུང་ཁ་གསལ་བཀོད་པའི་ཐོག་ངེད་རྩོམ་སྒྲིག་ཁང་ལ་གང་མྱུར་གནང་རོགས་ཞུ་བཞིན་ཡོད། ཅི་སྟེ་ད་ཐེངས་ཀྱི་ལས་གཞི་འདིའི་ནང་སོ་སོའི་ཐུན་མིན་གྱི་ཐ་སྙད་རྣམས་མ་ཚུད་ཚེ། རྗེས་ཕྱོགས་འདི་ནས་བྱེད་ཐབས་གཞན་མེད་སྟབས་ཅིས་ཀྱང་གོ་སྐབས་དམ་འཛིན་ཐོག་དེ་ལུགས་ལག་བསྟར་ཡོང་བའི་གསོལ་འདེབས་ཞུ་བཞིན་ཡོད།
དེ་བཞིན་ཡུལ་དུས་གནས་བབས་དང་བསྟུན་ཏེ་ཐེག་མཆོག་རྣམ་གྲོལ་གླིང་དུ་ཞི་བར་གཤེགས་པ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་གང་གི་སྐུ་གདུང་ཞུགས་འབུལ་སྐབས་སུ་འདི་འབྲེལ་ཟབ་སྦྱོང་ཞིག་ཀྱང་འབུལ་འཆར་ཡོད་པས་དེ་ལུགས་དགོངས་མངའ་ཞུ། ད་དུང་ཚིག་མཛོད་རྩོམ་སྒྲིག་ལས་གཞི་དང་འབྲེལ་བའི་ཞིབ་ཕྲའི་གསལ་བཤད་དང་ངོ་སྤྲོད་རོགས་དན་སོགས་དགོས་གལ་གཟིགས་ཚེ་རྩོམ་སྒྲིག་ཁང་གི་ཁ་བྱང་ཐོག་འབྲེལ་བ་གནང་འཐུས་ཞུ་རྒྱུ་བཅས།
རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་ནས་སྤྱི་ལོ་ ༢༠༡༣ ཟླ་བ་ ༤ ཚེས་ ༡༩ ཉིན་གུས་འདུད་དང་བཅས་ཕུལ།

རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་གི་སྐོར་གསལ་བསྒྲགས་འདོན་ཐེངས་སྔོན་མའི་ཐོག་འཁོད་ཡོད་པ་ལྟར། འབྲེལ་བ་གནང་ཡུལ།

མའི་ཐོག་འཁོད་ཡོད་པ་ལྟར། འབྲེལ་བ་གནང་ཡུལ།

International Nyingma Dictionary Editorial Committee
Ngagyur Nyingma Institute, Namdrol-Ling Monastery
Arilikumari, P.O. Bylakuppe 571 104,
Periyapatna Taluk, Mysore District, Karnataka State, South India.
Contact No:     91-7259834113,

E-mail:    nyingmadictionary@gmail.com

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||