དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་རྒྱ་ནག་ཆགས་སྲིད་པ།

ཨ་རིའི་ཕིའི་ཞིབ་འཇུག་ལྟེ་གནས་ཁང་(Pew Research Center)གིས་ཟླ་འདིའི་ཕྱི་ཚེས་༡༨ ཉིན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་དོན་ལྟར་ན། མ་འོངས་པར་སའི་གོ་ལའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་སྟོབས་ཆེ་ཤོས་དེ་རྒྱ་ནག་ཆགས་སྲིད་པའི་ཡིད་ཆེས་ཚད་མཐོན་པོ་བྱས་ཡོད་པ་དང་།

དེ་ནི་ཁོང་ཚོས་རྒྱ་ནག་ལ་དགའ་མོས་བྱེད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་མིན་པ་རེད།

རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པ་དང་། ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པར་ངོས་འཛིན་བྱས་ཡོད་ན་ཡང་། རྒྱལ་ཁབ་མང་པོས་སྔར་བཞིན་ཨ་རི་དེ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་དང་པོར་ངོས་འཛིན་བྱས་ཡོད་པ་དང་། རྒྱལ་ཁབ་དེ་ལས་མང་བས་རྒྱ་ནག་གིས་ཨ་རིའི་དཔལ་འབྱོར་གོ་གནས་ཟིན་རྒྱུ་ནི་དུས་ཚོད་སྔ་ཕྱིའི་གནད་དོན་ཙམ་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད་འདུག

འོན་ཀྱང་། རྒྱལ་ཁབ་ཀྱི་སྣང་བརྙན་ཐད་ནས་བལྟས་པ་ཡིན་ན། བརྟག་དཔྱད་བྱས་སའི་ས་ཁུལ་མང་ཆེ་བའི་མང་ཚོགས་རྣམས་ཀྱིས་ཨ་རི་ལ་དགའ་ཞེན་ཚད་མཐོན་པོ་བྱས་ཡོད་ཅིང་། ཆ་སྙོམས་བརྒྱ་ཆ་63%ཡིན་པ་དང་། རྒྱ་ནག་ལས་བརྒྱ་ཆ་50%མཐོ་བ་ཡོད་པ་རེད། གོང་གི་རྒྱལ་ཁབ་གཉིས་ལས་གང་ཞིག་ལ་ཚོང་ལས་ཀྱི་གྲོགས་པོའི་འདུ་ཤེས་འཛིན་བཞིན་ཡོད་མིན་སྐོར་མི་མང་ལ་སྐད་ཆ་དྲིས་སྐབས། མང་ཆེ་ཤོས་ཀྱིས་ཨ་རིར་དགའ་མོས་བྱས་པ་ལས་རྒྱ་ནག་ལ་དགའ་མོས་དེ་ཙམ་མེད་པའི་ལན་འདེབས་བྱས་ཡོད་པ་རེད།

ས་ཁུལ་མི་འདྲ་བའི་ནང་གི་གྲངས་ཀའི་བསྡུར་ཚད་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་ཅིང་། མི་མང་གི་བསམ་ཚུལ་བསྡུ་ལེན་སྙན་ཐོ་ལས་གསལ་བ་ལྟར། རྒྱ་ནག་ལ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུ་ལྟ་ཚུལ་ཡག་པོ་མེད་པ་དང་། ལྷག་པར་དུ་རྒྱ་ནག་གི་དམག་ཤུགས་དར་སྤེལ་གཏོང་ས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་སི་ཁྲུ་ལི་ཡ། ཧྥི་ལི་ཕིན་སོགས་ཀྱིས་བློ་འཚུབ་དང་འཇིགས་སྣང་བྱེད་བཞིན་ཡོད་པ་རེད། བཅར་འདྲི་བྱས་པའི་ཉི་ཧོང་ནང་གི་མི་བརྒྱ་ཆ་91% དང་ལྷོ་ཀོ་རི་ཡའི་བརྒྱ་ཆ་91% གིས་ཉིན་རེར་སྟོབས་རྒྱས་བཞིན་པའི་རྒྱ་ནག་གི་དམག་ཤུགས་ལ་ལྡོག་ཕྱོགས་ཀྱི་ངོས་འཛིན་བྱས་ཡོད་པ་རེད། ཧྥི་ལི་ཕིན་ཚུད་པའི་བྱང་ཀོ་རི་ཡ་དང་ཉི་ཧོང་སོགས་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས། ཨ་རི་དང་འབྲེལ་བ་ནི་རྒྱ་ནག་གི་འབྲེལ་བ་ལས་གལ་ཆེ་བ་ངོས་འཛིན་བྱས་ཡོད་འདུག

དེ་ནི་ཕལ་ཆེར་རྒྱ་ནག་དང་མངའ་ཁོངས་རྩོད་རྙོག་ལ་བརྟེན་ནས་དགྲ་འཛིན་ཤུགས་ཆེར་འགྲོ་བཞིན་པ་དང་། ལྷག་པར་དུ་ཉི་ཧོང་ལྟ་བུར་མཚོན་ན། ཉེ་བའི་ལོ་ཤས་རིང་རྒྱ་ནག་དང་ལྷན་དུ་བར་མ་ཆད་པའི་མི་རིགས་རིང་ལུགས་ཀྱི་རྩོད་གླེང་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་དགྲ་འཛིན་ཆེར་སོང་ཡོད་པ་རེད། ཉི་ཧོང་དུ་བཅར་འདྲི་དང་ལེན་བྱེད་མཁན་ཁྲོད་བརྒྱ་ཆ་5%ཁོ་ནས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་གདེང་འཇོག་བྱས་པ་དང་། བརྒྱ་ཆ་95% ཡིས་ལྡོག་ཕྱོགས་ཀྱི་ལྟ་ཚུལ་བཟུང་ཡོད་པ་རེད།

ཁ་ཆེ་གཙོ་བོ་གྱུར་པའི་རྒྱལ་ཁབ་ཁག་གི་མང་ཚོགས་ཀྱིས་ཨ་རིར་ལྟ་སྟངས་ཧ་ཅང་སྡུག་པ་དང་། དཀྱིལ་ཤར་ས་ཁུལ་དུའང་ཨ་རིར་ལྟ་ཚུལ་ཡག་པོ་མེད་པ་རེད། བརྟག་དཔྱད་བྱས་པའི་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་བདུན་གྱི་ནང་དུ། རྒྱལ་ཁབ་ལྔའི་མང་ཚོགས་མང་ཆེ་བས་ཨ་རིར་ལྟ་སྟངས་ཅུང་ལྡོག་ཕྱོགས་ཡིན་པ་དང་། དཔེར་ན་ཨི་ཇིབ་ལྟ་བུར་མཚོན་ན། བཅར་འདྲི་བྱས་པའི་ནང་དུ་ཨ་རིར་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་མཁན་གྱི་བསྡུར་ཚད་བརྒྱ་ཆ་81%ཡིན་པ་རེད།

སྤྱིར་ས་ཁུལ་དེ་དག་ཨ་རིར་དགྲ་འཛིན་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་ནའང་། ཨ་རིའི་མི་སེར་ལ་རང་དབང་ལོངས་སྤྱོད་ཀྱི་ཐོབ་ཐང་མང་བ་ཡོད་པར་ངོས་འཛིན་ཡང་བྱས་ཡོད་པ་དང་། བརྒྱ་ཆ་70%ཡི་བཅར་འདྲི་བྱེད་ས་ཚོས་ཨ་རིས་མི་སྒེར་གྱི་རང་དབང་ལ་བརྩི་བཀུར་བྱེད་པར་ངོས་འཛིན་བྱས་འདུག  ཡང་བརྒྱ་ཆ་36%ཙམ་གྱིས་རྒྱ་ནག་གིས་མི་སྒེར་གྱི་རང་དབང་ལ་བརྩི་བཀུར་བྱེད་པའི་ངོས་འཛིན་བྱས་ཡོད་ཅིང་། ཨ་རིའི་བརྒྱ་ཆ་དེ་རྒྱ་ནག་ལས་ཧ་ཅང་མཐོ་བ་ཡོད་པ་རེད། རྒྱལ་ཁབ་༣༧ གྱི་བཅར་འདྲི་བྱས་པའི་མང་ཚོགས་མང་ཆེ་ཤོས་ཀྱིས་ཨ་རི་ཡིས་མི་སྒེར་གྱི་རང་དབང་ལ་ཚད་མཐོའི་བརྩི་བཀུར་བྱས་པར་ངོས་འཛིན་བྱས་ཡོད་པ་རེད།

ཐེངས་འདིར་བརྟག་དཔྱད་བྱས་པའི་དུས་ཚོད་ནི་ཕྱི་ཟླ་༣ ནས་༥ པའི་བར་གྱི་སི་ནོལ་ཌིན་དོན་རྐྱེན་མ་བྱུང་བའི་སྔོན་དུ་ཡིན་པ་རེད། ཕྱི་ཟླ་༦ པའི་ནང་ཨ་རིའི་གསང་བའི་ཆོད་གན་ལས་བྱེད་སི་ནོལ་ཌིན་གྱིས་ཨ་རི་སྲིད་གཞུང་གིས་དྲ་རྒྱ་དང་ཁ་པར་ལ་བྱ་ར་བྱས་པའི་གསང་བའི་ལས་གཞི་ཕྱིར་བསྒྲགས་བྱས་ཡོད། ཐེངས་འདིའི་ཕིའི་ཞིབ་འཇུག་ལྟེ་གནས་ཁང་གིས་དོན་རྐྱེན་དེའི་སྐོར་ཨ་རིའི་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་གྱི་ཚད་ཇི་འདྲ་ཞི་ཐེབས་ཡོད་མིན་ཤེས་རྟོགས་ཐུབ་མེད་པ་རེད།

སྤྱིར་རྒྱ་ནག་གི་ཚན་རྩལ་ཡར་རྒྱས་ལ་ཨ་ཧྥི་རི་ཁ་དང་ལ་ཌིན་ཨ་མེ་རི་ཁའི་ནང་དུ་དགའ་མོས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གི་བསམ་བློ་དང་མང་ཚོགས་ཀྱི་རིག་གནས་ལ་དེ་ཙམ་སྤྲོ་སྣང་མེད་པ་རེད། སབ་སཱ་ཧ་ར་ཨ་ཧྥི་རི་ཁའི་ས་ཁུལ་དང་ལ་ཌིན་ཨ་མེ་རི་ཁས་རྒྱ་ནག་ལ་ཡིད་ཆེས་བྱེད་དོན་གཙོ་བོ་ནི་རྒྱ་ནག་གིས་ས་ཁུལ་དེ་དག་ལ་མ་རྩ་འབོར་ཆེན་བཏང་འཇོག་བྱས་ཡོད་པའི་རྐྱེན་གྱིས་ཡིན་པའི་ལན་འདེབས་བྱས་ཡོད་པ་རེད།

དེ་ལས་གཞན་པའི་ད་དུང་ལཱ་ཌིན་ཨ་མེ་རི་ཁ་དང་སབ་སཱ་ཧ་ར་ཨ་ཧྥི་རི་ཁ་གཉིས་སུ་ཨ་རིའི་འཇམ་པའི་ཤུགས་རྐྱེན་དེ་རྒྱ་ནག་ལས་ཆེ་བ་ཡོད་པ་དང་། ས་ཁུལ་དེ་དག་གི་མང་ཚོགས་རྣམས་ཨ་རིའི་རོལ་དབྱངས་དང་གློག་བརྙན། ཚོང་ཟོག་སོགས་ལ་ཧ་ཅང་དགའ་བོ་ཡོད་པ་རེད།

རྒྱ་ནག་ཉམས་ཞིབ་པས་ངོས་འཛིན་བྱས་པ་ལྟར་ན། འཇམ་པའི་ནུས་ཤུགས་ཐད་ཨ་རིས་རྒྱ་ནག་ཕམ་པར་བརྒྱབ་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་སྲིད་གཞུང་གིས་ཧ་ཅང་མི་ལེགས་པའི་བྱེད་སྟངས་ལ་བརྟེན་ནས་འཛམ་གླིང་ཐོག་རྒྱལ་ཁབ་སྣང་བརྙན་ཕྱིར་བསྟན་བཞིན་ཡོད་པ་དང་། ཀླད་རྙིང་མཁྲེགས་བཟུང་གིས་མཱ་ཁི་སིའི་རིང་ལུགས་པ་ཡིན་པའི་ཁྱབ་བསྒྲགས་བྱེད་བཞིན་ཡོད་ན་ཡང་། མ་ཁེ་སིའི་རིང་ལུགས་དེ་རྒྱ་ནག་གི་གནས་བབས་དང་འཚམས་པོར་མེད་པར་གྱུར་ཟིན་པ་རེད།

རྒྱ་ནག་དང་ཨ་རིའི་དཔལ་འབྱོར་ནུས་ཤུགས་གཤིབ་བསྡུར་བྱེད་པའི་སྐབས། ཨ་རིའི་མང་ཚོགས་ནང་དུ་ལྟ་ཚུལ་མི་མཐུན་པ་སྣ་ཚོགས་ཡོད་པ་དང་། བཅར་འདྲི་བྱས་སའི་བརྒྱ་ཆ་44%ཡིས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཆེ་བར་ངོས་འཛིན་བྱས་པ་དང་། བརྒྱ་ཆ་39%ཡིས་ཨ་རིའི་དཔལ་འབྱོར་སྟོབས་ཤུགས་ཆེ་བ་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

བཅར་འདྲི་བྱས་པའི་རྒྱ་ནག་མི་མང་སུམ་ཆ་གཉིས་ཀྱིས་རྒྱ་ནག་གིས་ཨ་རིའི་དཔལ་འབྱོར་རྩེ་ཕུད་ཀྱི་གོ་གནས་ཟིན་ཚར་བའམ། ཡང་ན་མཇུག་མཐར་དེའི་གོ་གནས་ཐོག་སླེབས་ངེས་ཡིན་པར་ངོས་འཛིན་བྱས་ཡོད་འདུག  བཅར་འདྲི་བྱས་པའི་རྒྱ་ནག་གི་མི་བརྒྱ་ཆ་56%གིས་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་བརྩི་མཐོང་ཆེ་རུ་སོང་ཡོད་ལུགས་བརྗོད་ཡོད་པ་རེད།

ཨ་རི་དང་རྒྱ་ནག་གཉིས་ནང་གི་བཅར་འདྲི་བྱས་སའི་མང་ཚོགས་ཀྱི་ནང་དུ་རྒྱལ་ཁབ་ཕན་ཚུན་དགའ་ཞེན་ཚད་དེ་ཆ་སྙོམས་ཀྱིས་མར་ཆག་ཡོད་འདུག བརྒྱ་ཆ་37% གྱི་ཨ་རིའི་མི་མང་གིས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་ལྟ་ཚུལ་བཟུང་ཡོད་པ་དང་། འདས་པའི་ལོ་གཉིས་ཀྱི་སྔོན་གྱི་བརྒྱ་ཆ་50% ཡི་ཆུ་ཚད་ལས་དམའ་བ་ཡོད་པ་རེད། རྒྱ་ནག་ཏུ་ཡང་ཨ་རིར་དགའ་ཞེན་གྱི་ཚད་༢༠༡༠ ལོའི་བརྒྱ་ཆ་58%ལས་ད་ལྟ་བརྒྱ་ཆ་40%བར་མར་ཆག་ཡོད་འདུག  རྒྱ་ནག་གི་མང་ཚོགས་ཁྲོད་ཨ་རིར་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་མཁན་བརྒྱ་ཆ་53%ལ་ཡར་འཕར་ཡོད་པ་རེད།

ཨ་རིའི་མང་ཚོགས་ནང་རྒྱ་ནག་ལ་དོགས་ཟོན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པས་ཨ་རིའི་ལས་ཞུགས་ཀྱི་ཚད་གཞི་ལ་འཇིགས་སྣང་སྐུལ་བཞིན་ཡོད་པས་ཡིན་པ་དང་། ད་དུང་ཨ་རིའི་མིི་ཚོས་རྒྱ་ནག་གིས་ཨ་རིར་འབྱོར་ཕྱུག་ངོམ་པའང་རྒྱུ་མཚན་གཅིག་ཡིན་པ་རེད། ཉེ་སྔོན་གྱི་དཔེ་མཚོན་ཞིག་ནི་རྒྱ་ནག་གི་ཧྲིང་ཧྥན་ཟས་རིགས་བཟོ་གྲྭས་ཨ་སྒོར་དུང་ཕྱུར་༤༧ བཏང་ནས་ཨ་རིའི་ཤ་རིགས་ཐོན་སྐྱེད་ཀྱི་ཚོང་རྟགས་གྲགས་ཅན་སཱི་མི་ཐི་ཧྥེལ་ཌི་(Smithfield)ཞེས་པའི་ཟས་རིགས་བཟོ་གྲྭ་ཉོས་ཡོད་པ་དང་། དེས་ཨ་རིའི་མི་རྣམས་ཧོན་འཐོར་བཅུག་ཡོད་པ་དང་།  སེམས་ནང་གི་སོ་སོའི་རྒྱལ་ཁབ་ཀྱི་ཚོང་རྟགས་གྲགས་ཅན་ཡིད་མ་ཆེས་པར་གྱུར་ཡོད་པ་རེད།

རྒྱ་ནག་གི་དམིགས་བསལ་དབང་འཛིན་པའི་ནང་དང་སྤྱི་ཚོགས་ཐོག་གི་འབྱོར་ལྡན་གྱི་བུ་ཕྲུག་རྣམས་ཨ་རིའི་གྲགས་ཅན་སློབ་ཆེན་ཁག་གི་ནང་དུ་སྐྱེལ་བཞིན་ཡོད་པ་དང་། མཚམས་རེར་ཨ་རིའི་སློབ་ཕྲུག་གི་གོ་ས་ཀྱང་གཡོ་ཐབས་ཀྱིས་བཟུང་བ་སོགས་འབྱུང་གི་ཡོད་པ། ཨ་རི་བ་ཚོས་དེའི་ཐད་ལའང་ཁོང་ཁྲོ་མེད་པ་མི་སྲིད་པ་ཞིག་ཡིན་པ་རེད།

ཡིན་ནའང་དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། ཕྱོགས་གཉིས་ཀྱི་རྒྱལ་ཁབ་ནང་གི་སློབ་གསོའི་ཆུ་ཚད་ཅུང་མཐོ་བའི་ན་གཞོན་ཚོས་ཕྱོགས་ཕན་ཚུན་གྱི་རྒྱལ་ཁབ་ལ་བཟང་ཕྱོགས་ཀྱི་གདེང་འཇོག་བྱས་ཡོད་པ་རེད།

རང་ལོ་༡༨ ནས་༢༩ བར་གྱི་རྒྱ་ནག་གི་ན་གཞོན་ཁྲོད། ཕྱེད་ལྷག་གིས་ཨ་རིར་བཟང་ཕྱོགས་ཀྱི་ལྟ་ཚུལ་བཟུང་ཡོད་པ་དང་། བསྡུར་ཚད་དེ་ནི་ཁོང་ཚོའི་རྒན་རབས་པ་རྣམས་དང་བསྡུར་ན་ཚད་ཧ་ཅང་མཐོ་བ་ཡོད་པ་རེད། ཨ་རིའི་གཞོན་སྐྱེས་བརྒྱ་ཆ་57% གྱིས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་གདེང་འཇོག་བྱས་ཡོད་འདུག  ལྟོས་འཇོག་གི་སྒང་ནས་བཤད་ན་པ་ཡིན་ན། རང་ལོ་ལྔ་བཅུ་ཡན་གྱི་ཨ་རི་བའི་མིའི་ནང་དུ་རྒྱ་ནག་ལ་དགའ་ཞེན་བྱེད་མཁན་བརྒྱ་ཆ་27% ལས་མེད་པ་རེད་འདུག

བརྟག་དཔྱད་བྱས་པའི་རྒྱལ་ཁབ་དབྱིན་ཡུལ་དང་ཁ་ན་ཌ། ཧྥ་རན་སི། འཇར་མན་སོགས་ཚུད་པའི་རྒྱལ་ཁབ་བརྒྱད་ཀྱི་མང་ཚོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་གོ་གནས་རྩེ་ཕུད་ཟིན་ཡོད་པའི་ངོས་འཛིན་བྱས་ཡོད་ནའང་། བརྟག་དཔྱད་སྙན་ཐོ་དེ་ལས་གསལ་བ་ལྟར་ན། འདས་པའི་ལོ་གཉིས་ཀྱི་རིང་། ཡུ་རོབ་ཀྱི་མིའི་སེམས་ནང་དུ་རྒྱ་ནག་གི་བཟང་ཕྱོགས་ཀྱི་སྙང་བརྙན་དེ་མངོན་གསལ་དོད་པོས་མར་ཆག་ཡོད་འདུག  དཔེར་ན། དབྱིན་ཡུལ་དང་ཧྥ་རན་སི་གཉིས་ཀྱི་ནང་དུ་བརྒྱ་ཆ་༡༡ དང་༩ སོ་སོར་ཆག་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱས་པ་ལྟར་ན། གནས་སྟངས་དེ་ནི་ཕལ་ཆེར་ཡུ་རོབ་ཀྱིས་རྒྱ་ནག་དེ་ཚོང་ལས་མགྲན་རྩོད་ཀྱི་ཁ་གཏད་ཅིག་ལ་ངོས་འཛིན་བྱས་པའི་རྐྱེན་གྱིས་མི་བདེ་བ་ཡོང་གི་ཡོད་པ་དང་། ཡུ་རོབ་ཀྱིས་རྒྱ་ནག་གི་ཕྱི་འབྲེལ་ལས་དོན་ལ་ཐེ་གཏོགས་བྱས་པར་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཡང་དང་བསྐྱར་དུ་འཕྲད་བཞིན་ཡོད་པ་རེད།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་སྙན་ཐོ་དེ་ནི་ཨ་རིའི་ཕིའི་ཞིབ་འཇུག་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༠༧ ནས་བརྩིས་པའི་ཆེས་གཞི་རྒྱ་ཆེ་བའི་བརྟག་དཔྱད་ཞིབ་འཇུག་ཅིག་ཡིན་པ་དང་། བརྟག་དཔྱད་བྱས་པའི་དུས་ཚོད་སྔར་རྒྱུན་བཞིན་ཟླ་གཉིས་(ཕྱི་ལོ་༢༠༡༣ ལོའི་ཟླ་༣ པའི་ཚེས་༢ ཉིན་ནས་ཟླ་༥ པའི་ཚེས་༡ ཉིན་) རིང་ཡིན་པ་རེད། ཁྱོན་རྒྱལ་ཁབ་༣༩ ནང་གི་མི་མང་༣༧།༦༥༣ ལྷག་ལ་ངོ་བཅར་བྱས་པ་དང་ཡང་ན་ཁ་པར་བརྒྱུད་དེ་བརྟག་དཔྱད་བྱས་པ་ཞིག་ཡིན་འདུག

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||