ཞི་ཅིན་ཕིང་དང་ཨ་བྷི་ཡི་སྟབས་མི་བདེ་བའི་མཇལ་འཕྲད།

ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་༢༤ དང་ས་ཁུལ་གྱི་དབུ་ཁྲིད་རྣམས་ཀྱིས་པེ་ཅིང་དུ་ཨེ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་འཚོག་བཞིན་པའི་སྐབས། ཉི་ཧོང་གི་སྲིད་བློན་ཨ་བྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱིས་མཇལ་འཕྲད་གནང་ཡོད་ནའང་། དབུ་ཁྲིད་གཉིས་ཀྱི་སྟབས་མི་བདེ་བའི་རྣམ་འགྱུར་ལས་རྒྱལ་ཁབ་གཉིས་ཀྱི་ཉག་ཕྲ་བའི་འབྲེལ་ལམ་མངོན་ཡོད་པ་རེད།

964E1D3A-E661-4B86-90DD-9C4E4D316365_mw1024_s_nཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཉི་ཧོང་གི་སྲིད་བློན་ཨ་བྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱིས་སྐར་མ་༢༥ རིང་མཇལ་འཕྲད་གནང་ཡོད་པ་དང་། ཐོག་མར་གསར་འགོད་པ་རྣམས་ཀྱི་མདུན་དུ་ཐུག་འཕྲད་སྐབས་ཨ་བྷི་ཡིས་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་ཏེ། མཁྲིས་ཀྱི་སྐད་བསྒྱུར་བས་སྐད་བསྒྱུར་སྐབས་ཞི་ཅིན་ཕིང་གིས་གསན་འཇོག་མ་བྱས་པར། མདུན་གྱི་གསར་འགོད་པའི་པར་ཆས་ཕྱོགས་སུ་ཁ་འཁོར་ཏེ་ལན་བསྐྱོན་མེད་པ་མ་ཟད། ཁོང་གཉིས་ཀྱི་གདོང་གི་ཟློས་གར་རང་བཞིན་གྱི་རྣམ་འགྱུར་ལས་རྒྱ་ནག་དང་ཉི་ཧོང་གི་ཉག་ཕྲ་བའི་འབྲེལ་ལམ་གསལ་པོར་མངོན་ཡོད་འདུག

འདས་པའི་ལོ་གཉིས་ཀྱི་རིང་རྒྱ་ནག་དང་ཉི་ཧོང་བར་མཚོ་གླིང་རྩོད་རྙོག་གི་གནད་དོན་ལ་བརྟེན་ནས་དབུ་ཁྲིད་ཕན་ཚུན་བར་མཇལ་འཕྲད་བྱས་ཐུབ་མེད་ན་ཡང་། མཇུག་མཐར་ཐེངས་འདིའི་པེ་ཅིང་གི་ཨེ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་སྐབས། འཛམ་གླིང་ཐོག་ཏུ་དོ་སྣང་ཤུགས་ཆེན་བྱེད་བཞིན་པའི་མཇལ་འཕྲད་ཐོག་མ་དེ་བྱས་ཡོད་ནའང་། ཞི་ཅིན་ཕིང་གི་མ་གུས་པའི་ཕྱི་འབྲེལ་གྱི་རྣམ་འགྱུར་འོག སྲིད་བློན་ཨ་བྷི་ཡིས་མཇལ་འཕྲད་མ་བྱས་པའི་སྔོན་དུ་ཞི་ཅིན་ཕིང་སྒུག་དགོས་བྱུང་ཡོད་པ་དང་། དངོས་སུ་མཇལ་འཕྲད་བྱས་ཏེ་ཕན་ཚུན་ལག་འཇུ་ཡི་སྐབས་སུའང་སྟབས་མ་བདེ་བ་ཤུགས་ཆེན་བྱུང་ཡོད་པ་མ་ཟད། མཇལ་འཕྲད་སྐར་མ་༢༥ ཙམ་གྱི་དུས་ཡུན་ཐུང་ངུའི་ནང་རྒྱལ་ཁབ་གཉིས་བར་རྩོད་རྙོག་ཡོད་པའི་མཚོ་གླིང་གི་མིང་ཙམ་ཡང་ཧ་ལམ་བོས་མེད་པ་དང་། རྒྱུན་ལྡན་འདི་ལྟ་བུའི་ཕྱི་འབྲེལ་མཇལ་འཕྲད་སྐབས་འཛུགས་འཇོག་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ཡང་མཐོང་རྒྱུ་མེད་པ་རེད།

དེའི་སྔོན་དུ་རྒྱ་ནག་དང་ཉི་ཧོང་ཕྱོགས་གཉིས་ནས་ཚོད་དཔག་ལས་བརྒལ་བའི་གསལ་བསྒྲགས་རེ་སྤེལ་ཡོད་པའི་ནང་། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་དང་བདེ་འཇགས་ཀྱི་འབྲེལ་ལམ་གྱི་གྲོས་མོལ་ག་ལེར་བསྐྱར་དུ་སླར་གསོའི་འཆར་གཞི་ཡོད་སྐོར་བརྗོད་ཡོད་ནའང་། རྗེས་སུ་ཕྱོགས་གཉིས་ཀྱིས་རྣམ་འགྱུར་ཇེ་ཞན་དུ་སོང་ཡོད་པ་ལྟ་བུ་ཞིག་ཏུ་མངོན་ཡོད་པ་མ་ཟད། དེ་ལྟ་བུའི་ཉག་ཕྲའི་ཕྱི་འབྲེལ་གྱི་རྣམ་འགྱུར་དེ་རེས་གཟའ་ཟླ་བའི་ཉིན་གྱི་མཇལ་འཕྲད་སྐབས་སུའང་སྔར་བཞིན་མངོན་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཞི་ཅིན་ཕིང་དང་ཨ་བྷི་ཡི་མཇལ་འཕྲད་དེ་ནི་ཉི་ཧོང་ཕྱོགས་ཀྱི་རེ་སྐུལ་ལྟར་མཇལ་འཕྲད་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་དང་། ཞི་ཅིན་ཕིང་གིས་གཟའ་ཟླ་བའི་ཉིན་གྱི་ལག་འཇུའི་རྣམ་འགྱུར་ལས་ཀྱང་དེའི་ཐད་ར་སྤྲོད་གསལ་པོ་བྱས་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་༡༠ ཉིན་གྱི་ཞི་ཅིན་ཕིང་དང་ཨ་བྷི་ཡི་མཇལ་འཕྲད་སྐབས་སུ་བྱུང་བའི་སྟབས་མི་བདེ་བའི་ལག་འཇུ་དེ་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ནའང་། གསར་ལམ་ཁག་ཏུ་ཁོང་གཉིས་ཀྱི་སྟབས་མི་བདེ་བའི་ལག་འཇུ་ལ་བརྟེན་ནས་འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྱུར་མི་སྲིད་སྐོར་བརྗོད་བཞིན་འདུག ཉི་ཧོང་ཁའེ་ཊོ་ཐོན་ལས་སློབ་ཆེན་གྱི་འཛམ་གླིང་གནད་དོན་ཉམས་ཞིབ་ཁང་གི་འགན་འཛིན་ཁཱ་རྫུ་ཧི་ཁོ་(Kazuhiko Togo) ཡིས། “གལ་ཏེ་རྒྱ་ནག་གི་འགོ་ཁྲིད་(ཞི་ཅིན་ཕིང་) ཀྱིས་འཛུམ་མདངས་མང་པོ་བསྟན་པ་ཡིན་ན། རྒྱལ་ནང་གི་མི་རིགས་རིང་ལུགས་པའི་མང་ཚོགས་རྣམས་ཁོང་ཁྲོ་སློང་སྲིད་པ་དང་། འདས་པའི་ལོ་གཉིས་ཀྱི་དུས་ཚོད་ནང་། རྒྱ་ནག་གི་མི་དེ་དག་ལ་ཨ་བྷི་ནི་མཇལ་འཕྲད་བྱ་རིན་མེད་པའི་མི་ཞིག་ཡིན་པར་ཡིད་ཆེས་སུ་བཅུག་ཡོད”་ཅེས་བརྗོད་འདུག

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༣༢ ཀློག་གྲངས།