མཐོང་ཆུང་དང་དམའ་འབེབ་རི་འདྲ་བོ་ཞིག་བྱས་སོང་།

བློ་བཟང་མཁྱེན་བརྩེ། དྷ་ས།

དེང་སང་ང་ཚོའི་སྤྱི་ཚོགས་ནང་ད་ལྟའི་བཀའ་ཤག་འདིའི་བཀའ་བློན་ཚོས་བོད་རང་གི་ ཡིག་གེ་ཤེས་ཀྱི་མེད་པ་དང་། རང་མི་རིགས་ཀྱི་རིག་གཞུང་ལ་དུང་བ་མེད་རབས་སོགས་བཤད་དེ་སྐྱོན་བརྗོད་བྱེད་ མཁན་དང། ཁ་རྡུང་གཏོང་མཁན་གྱི་རིགས་གང་མང་ཞིག་ཡོད་རེད་ལ། ལྷག་པར་མི་སྒེར་གྱི་དགའ་མིན་དགའ་དོགས་དང་འཁོན་འཛིན་སོགས་རྒྱུ་མཚན་དུ་བྱས་ཏེ་སྐྱོན་འཛུགས་དང་རྒྱབ་བཤད་བྱེད་མཁན་གྱི་དྲ་འབུའི་རིགས་ཀྱང་ཡོད་རེད། འོན་ཀྱང་དེ་དག་གི་ནང་ལས་ཁ་ཤས་ཀྱིས་གནད་དོན་གང་གི་ཐད་ནས་བཀའ་ཤག་འདིས་འཐུས་ཤོར་འགྲོ་ཡི་ཡོད་པ་ཤེས་ཀྱི་ཡོད་ན་ཡང་། གནད་དོན་དེ་གླེང་ཙམ་ལས་གཏིང་ཟབ་ས་ནས་གླེང་ཐབས་བྱས་མེད་པ་དང་། ཁ་ཤས་ཀྱིས་སོ་སོ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་སྐྱོན་འཛུགས་དང་རྒྱབ་བཤད་བྱས་ཏེ། སྤྱི་ཚོགས་དཀྲུག་ཤིང་དང་ནང་ཁུལ་མི་བདེ་བ་བཟོས་པ་ཙམ་ལས། དངོས་གནས་བཀའ་ཤག་འདིའི་སྐྱོན་དང་འཐུས་ཤོར་ཡོད་སའི་གནད་དོན་གྱི་ཐད་ནས་གླེང་སྟེ་སྐྱོན་བརྗོད་དང་ལམ་སྟོན་བྱེད་མཁན་བྱུང་མ་སོང་བ་ལྟ་བུ་རེད། དེ་བས་དེ་རིང་ངས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་འདིས། བོད་སྐད་ཡིག་ལ་བརྩི་མཐོང་ག་ཚོད་ཡོད་མེད་དང་། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་བཅས་ཀྱི་ཐད་ནས་གླེང་རྒྱུ་ཡིན།
རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར། དེང་སང་ང་ཚོའི་སྤྱི་ཚོགས་ནང་བཀའ་ཤག་འདིས་བོད་རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཡོད་མེད་དང་། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་སོགས་ཀྱི་ཐད་ནས་སྐད་ཆ་དང་དོགས་པ་མང་པོ་ཞིག་ཡོང་གི་ཡོད་པ་དེས་རེད་ལ། གནད་དོན་འདི་ནི་མི་རེ་ཟུང་གི་ཚོར་བ་དང་སེམས་འཚབ་ལྟ་བུ་མ་ཡིན་པར། མི་རིགས་འདིའི་འདས་མ་ད་གསུམ་ལ་སེམས་ཁུར་དང་དུང་བ་ཟབ་པའི་བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་དང་། ལྷག་པར་དུ་རང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་རྒྱུན་འཛིན་ཐད་འགན་ཁུར་དང་ལྷག་བསམ་ཆེ་བའི་ཤེས་ཡོན་པ་ཚོའི་སེམས་ནང་གི་སྡུག་ཡུས་དང་ན་ཟུག་ཅིག་རེད། མ་ཟད་གནད་དོན་འདི་དེང་སང་ང་ཚོའི་སྤྱི་ཚོགས་ནང་བཤད་ཡམ་ལྟ་བུ་ཞིག་ཏུ་གྱུར་ཏེ་ཁ་ཡོད་ཚད་ཀྱིས་གླེང་དགོས་པའི་སེམས་ནང་གི་ན་ཚ་ཞིག་ཏུ་ཡང་གྱུར་འདུག དེར་བརྟེན་བཀའ་ཤག་འདིས་བོད་སྐད་ཡིག་ལ་དོ་སྣང་དང་བརྩི་འཇོག་ཡོད་མེད་ཀྱི་ཐད་ནས་བཤད་ན། སྐབས་སྔོན་མའི་བཀའ་ཤག་གིས་གཞུང་འབྲེལ་ལས་རིམ་དང་ཡིག་ཆ་སོགས་བོད་ཡིག་ཐོག་བཟོ་དགོས་པའི་བཀོད་ཁྱབ་བཏང་སྟེ། བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་ཁག་དང། སྤྱི་ཚོགས་ཁྱོན་ཡོངས་ནས་བོད་སྐད་ཡིག་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱས་ཡོད་པ་ཚང་མས་ཤེས་གསལ་རེད།  འོན་ཀྱང་ད་ལྟའི་བཀའ་ཤག་འདིས་དེ་ལས་ཟློག་སྟེ་གཞུང་འབྲེལ་ལས་རིམ་དང་ཡིག་ཆ་སོགས་མི་རིགས་གཞན་གྱི་སྐད་ཐོག་བཟོ་ཡི་ཡོད་པ་དེ་ཡང་ཤེས་ཀྱི་ཡོད་རེད།
གཅིག་བྱས་ན་ང་ཚོའི་སྐད་ཡིག་གིས་གཞུང་འབྲེལ་གྱི་ལས་རིམ་སོགས་ཡིག་ཆ་ཁག་གི་ནང་དོན་བཤད་ཐུབ་ཀྱི་མེད་པ་ཡིན་ནམ། ཡང་ན་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་བོད་ཡིག་ཐོག་ལས་རིམ་དང་མགྲོན་ཤོག་ཚད་ལྡན་ཞིག་བཟོ་ཐུབ་ཀྱི་མེད་པས་རེད། གང་ལྟར་རྒྱུ་མཚན་གང་ཡིན་མ་ཤེས་ཀྱང་དེང་སང་གཞུང་གི་མགྲོན་ཤོག་དང་ལས་རིམ་སོགས་ཡིག་ཆ་མང་པོ་ཞིག་སྐད་ཡིག་གཞན་གྱི་ཐོག་བཟོས་ཡོད་རེད། གནད་དོན་དེའི་ཐོག་ནས་བལྟས་ན། བཀའ་ཤག་འདིས་དངོས་གནས་བོད་སྐད་ཡིག་ལ་བརྩི་མཐོང་དང་དོ་སྣང་བྱེད་ཀྱི་མེད་པ་གསལ་པོ་རེད། མ་གཞི་ནས་སྐུ་ངོ་བཀའ་བློན་ཚོས་བོད་སྐད་ཡིག་དང་རིག་གཞུང་ཡག་པོ་ཤེས་ཀྱི་ཡོད་མེད་ལ་མ་ལྟོས་པར། ཁོང་ཚོ་ད་ལྟའི་ཆར་སྒྲིག་འཛུགས་འདིའི་འཛིན་སྐྱོང་བཀའ་ཤག་གི་འགན་ཁུར་མི་སྣ་གཙོ་བོ་ཡིན་པའི་ཆ་ནས། སོ་སོས་སློབ་སྦྱོང་བྱེད་མ་ཐུབ་ཀྱང་སྲིད་ཇུས་རྒྱུན་འཁྱོངས་དང་ལག་བསྟར་བྱེད་དགོས་པ་དེ་མིག་སྔུན་གྱི་ལས་འགུལ་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད་རེད། ཡིན་ན་ཡང་སྐུ་ངོ་ཚོས་ཐུགས་བསམ་དེ་འདྲ་བཞེས་ཀྱི་མེད་པ་འདྲ། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་དུས་ཆེན་ཐེངས་༥༤ པ་སྲུང་བརྩིའི་ལས་རིམ་ཞིག་དང་མགྲོན་ཤོག་ཅིག་འབྱོར་སོང་། ལས་རིམ་དང་མགྲོན་ཤོག་དེའི་རྒྱབ་མདུན་གྱི་ཡི་གེ་ཚང་མ་དབྱིན་ཡིག་ཁོ་ནའི་ཐོག་བྲིས་འདུག་པས་བོད་ཡིག་ཚིག་གཅིག་མཐོང་རྒྱུ་མི་འདུག
དངོས་གནས་བྱས་ན་དུས་དྲན་སྲུང་བརྩིའི་ལས་རིམ་དེ་ཚོགས་པ་བྱེ་བྲག་པ་དང་མི་སྒེར་གང་ཞིག་གིས་བཟོས་པའི་ལས་རིམ་ལྟ་བུ་མ་ཡིན་པར། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོའི་ལས་རིམ་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ལས་རིམ་དང་མགྲོན་ཤོག་དེ་བོད་ཡིག་ཐོག་བཟོ་དགོས་པ་དེ་ཡང་། བོད་ཕྱི་ནང་གཉིས་སུ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གི་གནས་སྟངས་འོག ཆགས་དང་འཇིག་གི་ས་མཚམས་སུ་ཡོད་པའི་མི་རིགས་འདིའི་སྐད་ཡིག་ལ་དོ་སྣང་དང་བརྩི་འཇོག་བྱེད་སྟངས་ཤིག་ཆགས་ཡོད་ན་ཡང་། དེ་ལྟ་མ་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ལས་རིམ་དང་མགྲོན་ཤོག་དེ་མི་རིགས་གཞན་ཞིག་གི་སྐད་ཡིག་ཐོག་བཟོས་ཡོད་པ་དེས། མི་རིགས་རང་གི་སྐད་ཡིག་ལ་མཐོང་ཆུང་དང་དམའ་འབེབས་རི་འདྲ་བོ་ཞིག་བྱས་པ་རེད། མ་ཟད་གོང་དུ་བཤད་པ་ལྟར་བོད་སྐད་ཡིག་ཆགས་དང་འཇིག་གི་ས་མཚམས་སུ་སླེབས་ཡོད་པའི་སྐབས་དེར། ང་ཚོའི་གཏམ་དཔེར་རྨ་ཁར་ཚྭ་བཏབས། རོ་ཐོག་ལ་རྟ་བརྒྱུགས་ཞེས་པའི་དཔེ་ལྟར་ཆེད་དུ་ཀྱག་ཀྱག་བྱས་པ་ཡང་རེད། དེ་ཡང་ལས་རིམ་དེ་ཉེ་ཆར་རང་བྱུང་བ་ཡིན་པར་བརྟེན་དཔེར་མཚོན་ཙམ་ཡིན་པ་ལས། དེ་ལྟ་བུའི་གནད་དོན་གཞན་བགྲངས་རྒྱུ་མེད་པ་གཏན་ནས་མིན། གཞན་ཡང་དེ་འདྲ་བའི་གཞུང་གི་ལས་རིམ་གཙོས་པའི་ཡིག་ཆ་དང་། དྲ་རྒྱ་སོགས་གནད་དོན་མང་པོ་ཞིག་བོད་ཡིག་དང་འབྲེལ་བ་གཏན་ནས་མེད་པ་དེ་ཡང་། གྲོས་ཚོགས་ཚོགས་དུས་༨ པའི་སྟེང་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྐད་གསེང་མཐོན་པོས་གསལ་བཤད་གནང་སོང་བ་ལྟ་བུ་རེད།
ཡང་གནད་དོན་དེའི་ཐད་ཉེ་ཆར་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ཚོར་བོད་སྐད་ཡིག་སློབ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་བཅར་འདྲི་བྱེད་སྐབས། དགེ་རྒན་ཞིག་གིས་འདི་འདྲ་ཞིག་བཤད་བྱུང་། སྔོན་མ་ཡིན་ན་གཞུང་གི་ལས་རིམ་དང་འབྲེལ་བའི་ཡིག་ཆ་ཁག་བོད་ཡིག་ཐོག་བཟོ་དགོས་པའི་བཀའ་ཁྱབ་བཏང་ཡོད་ན་ཡང་། དེང་སང་ཟབ་སྦྱོང་དང་དེ་འདྲའི་སྐབས་ལས་རིམ་ཚང་མ་དབྱིན་ཡིག་ཐོག་འབྲི་ཡི་འདུག དེང་སང་བོད་ཡིག་ལ་དོ་སྣང་དང་མཐོང་འཇོག་གི་མི་འདུག དེར་བརྟེན་ལོ་ཁ་ཤས་ཀྱི་ནང་བོད་ཡིག་ཉམ་ཆག་འགྲོ་སོང་ཞེས་སེམས་ཚོར་ཆེན་པོའི་འགྲེལ་བརྗོད་གནང་སོང་བ་ལྟ་བུ་རེད།
མ་ཟད་དེང་སང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བྱེད་ཚོའི་སྦྲགས་སྐད་རྒྱག་སྟངས་དེ་མཐོང་ཚེ། སེམས་ལ་དགའ་སྡུག་གི་ཚོར་བ་ཡོད་མཁན་ཞིག་ཡིན་ན་ངོ་མ་ཡི་མུག་པ་ཞིག་རེད། དེ་ཡང་ཁོང་ཚོ་ལས་ཁུངས་ཀྱི་ཕྱི་ལོགས་སུ་འགྲོ་སྐབས་སྲང་ལམ་བར་གྱི་སྐད་ཆ་ལྟ་བུ་ཡིན་ན་ཁག་མེད། འོན་ཀྱང་དེ་འདྲ་མ་རེད། ཉེ་ཆར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྲིད་སྐྱོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཚོར་དབུ་མའི་ལམ་སྐོར་ལ་གཏམ་བཤད་ཅིག་གནང་སོང་། སྐབས་དེར་གསར་འགོད་པའི་མིང་ཐོག་ནས་ནང་དུ་བཏང་མ་སོང་ཡང། ཟུར་ཉན་པའི་མིང་ཐོག་ནས་སོང་བ་ཡིན། སྲིད་སྐྱོང་གིས་གཏམ་བཤད་ཚར་རྗེས་སྲི་ཞུ་བ་ཚོ་དང་ལྷན་དྲི་བ་དྲིས་ལན་གནང་སྐབས། སྲི་ཞུ་བ་ཁག་ཅིག་གིས་ཕྱེད་ཁ་བོད་སྐད་དང་ཕྱེད་ཁ་དབྱིན་སྐད་ཡིན་པའི་དྲི་བ་ཁག་ཅིག་ཡིན་ཤག་ཤག་གིས་བཏང་སོང་ལ། ལན་རྒྱག་མཁན་གྱི་ངོས་ནས་ཀྱང་ཡིན་ཤག་ཤག་གིས་ལན་བརྒྱབ་སོང་། སྦྲགས་སྐད་ག་ཚོད་བརྒྱབ་ཀྱང་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་རྣམ་པ་ཚོ་སྣང་མེད་རེད་འདུག་པས། བྱེད་སྟངས་དེར་བལྟས་ན་ནམ་རྒྱུན་ལྷན་ཁང་ཁག་གི་ནང་ལས་ཀ་བྱེད་སྐབས་ཀྱང་། ཁོང་ཚོས་སྦྲགས་སྐད་དེ་དག་སྣང་མེད་ཀྱི་ཐོག་ནས་རྒྱག་གི་ཡོད་པའི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་སོང།
འདིར་ངས་སྣང་མེད་རེད་འདུག་ཅེས་བཤད་པར་གོ་རྒྱུ་དང་ཉན་རྒྱུ་ཟུར་དུ་ཡོད། ཁོང་ཚོས་སྦྲགས་སྐད་དེ་ཚོ་ཤོར་བ་རེད་མི་འདུག་ཆེད་དུ་རྒྱག་གི་འདུག རྒྱུ་མཚན་ནི་སྦྲགས་སྐད་དེ་བརྒྱབ་ན་སྐྲག་དགོས་ས་དང་བརྩི་དགོས་ས་སུ་ཡང་མེད་པར། རང་སྣང་གང་དྲན་གྱིས་སྦྲགས་སྐད་ལ་ཚོད་དང་སྟངས་འཛིན་གང་ཡང་མེད་པར་རང་དབང་གི་ཁོར་ཡུག་ཅིག་རེད་འདུག ཁོང་ཚོས་སྦྲགས་སྐད་དེ་ཚོ་ཤོར་སོང་བ་ཡིན་ན་ཁག་མེད་ལ། ཡང་ན་སྦྲགས་སྐད་དེ་ཚོ་བརྒྱབ་རྗེས་མ་འགྲིག་པའི་རྣམ་འགྱུར་ཞིག་བསྟན་ན་དེ་ཡང་བྱེད་སྟངས་ཤིག་ཡིན་མོད། དེ་འདྲ་ཕར་ཞོག་ད་དུང་གང་ཞིག་འཇོན་ཡོད་མདོག་གིས་ཡིན་ཤག་ཤག་རེད་འདུག གནད་དོན་དེ་ཚོར་བལྟས་ཡོང་དུས་བཀའ་ཤག་འདིས་བོད་སྐད་ཡིག་ལ་མཐོང་དང་དོ་སྣང་མེད་པ་དེ་གསལ་པོ་ཆགས་ཡོང་གི་འདུག
དངོས་གནས་བྱས་ན་གཞུང་གི་སྲི་ཞུ་བ་ཚོས་ལྷན་ཁང་ཁག་གི་ནང་ལས་ཀ་བྱེད་སྐབས་དང་། དེ་བཞིན་མཛད་གཙོ་རྣམ་པ་ཡོད་ས་ནས་བགྲོ་གླེང་དང་གཏམ་བཤད་དེ་འདྲའི་སྐབས། བརྗོད་གཞི་དམིགས་བསལ་བ་ཡིན་ན་མ་གཏོགས་སྦྲགས་སྐད་དམ་ར་མ་ལུག་གི་སྐད་རྒྱག་རྒྱུར་སྟངས་འཛིན་དང་འགྲོ་སྟངས་ཤིག་ཡོད་ན་ཡག་པོ་ཡོད་ས་རེད། ཡིན་ན་ཡང་ཁོང་ཚོར་བསམ་བློ་དེ་འཁོར་གྱི་མེད་པ་འདྲ། བྱེད་སྟངས་འདིར་བལྟས་ན་མི་འགྱངས་བར་བཙན་བྱོལ་ནང་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་མི་ཐུབ་པའི་གནས་སྟངས་ཤིག་ཆགས་མི་སྲིད་པ་གཏན་ནས་རེད་མི་འདུག་ལ། གནས་སྟངས་དེ་ཡང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་མགོ་བརྩམས་དེ་ཡོང་ཉེན་འདུག
ཡིན་ན་ཡང་གནད་དོན་འདི་དག་གི་ཐོག་གཞུང་གི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་ཚོས་བསམ་བློ་གཏོང་མྱོང་ཡོད་ཚོད་མི་འདུག མ་གཞི་ནས་འདི་ཚོར་ག་ཚོད་ལབ་ན་ཉན་འཇོག་བྱེད་ཀྱི་མ་རེད། གྲོས་ཚོགས་ཀྱི་འཐུས་མི་ཚོས་གཞུང་འབྲེལ་གྱི་མཛད་རིམ་དང་ཡིག་ཆ་ཁག་བོད་ཡིག་ཐོག་བཟོས་དགོས་པའི་བསམ་ཚུལ་དང་རེ་བ་བཏོན་ཏེ་ཉིན་ཤས་ལས་སོང་མེད་ཀྱང་། དེ་རིང་ཡང་༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་ནས་ལོ་༢༥ འཁོར་བའི་གཞུང་འབྲེལ་མགྲོན་ཤོག་དེ་དབྱིན་ཡིག་ཐོག་བཟོས་འདུག དེར་བརྟེན་ང་ཚོས་ག་ཚོད་བཤད་ཀྱང་ཕན་ཐོགས་མེད་པ་གསལ་པོ་རེད།
ཡང་ངས་འདིར་བཤད་འདོད་པའི་གནད་དོན་གཞན་ཞིག་ཡོད་པ་དེ། བཀའ་ཤག་འདིས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་དེ་རེད། སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་དེའི་ཐད་དོགས་པ་དང་གླེང་སློང་བྱེད་ཀྱི་འདུག  དེ་བས་བཀའ་ཤག་འདིས་དེང་སང་མི་ཚོགས་གང་མང་སར་སྲིད་ཇུས་དེ་རྒྱུན་འཁྱོངས་དང་ལག་བསྟར་བྱེད་ཀྱི་ཡོད་ཟེར་ནས་མ་ཎི་བགྲངས་བགྲངས་བྱེད་ཀྱི་ཡོད་པ་རེད།  དེ་ཁ་ཙམ་རེད་དམ་དངོས་གནས་རེད། མི་མང་མགོ་འཐོམས་འདུག  རྒྱུ་མཚན་ཉིན་ཤས་སྔོན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གངས་སྐྱིད་དུ་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་ཞེས་པ་ཞིག་འཚོགས་སོང་། སྐབས་དེར་ཤེས་རིག་དྲུང་ཆེས་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོར་གསུང་བཤད་གནང་སྐབས། “མང་ཚོགས་ཀྱིས་ཤེས་ཡོན་སྲིད་ཇུས་ཀྱི་གནས་སྟངས་དང་། ལངས་ཕྱོགས་ག་འདྲ་ཆགས་ཀྱི་ཡོད་རེད་བསམ་པའི་དོགས་པ་དང་རྣམ་རྟོག་ཡོང་ཆོག་གི་རེད། བཀའ་ཤག་སྐབས་༡༤ པའི་ངོས་ནས་ཤེས་ཡོན་སྲིད་ཇུས་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཀྱི་ཡིན་ཟེར་ནས། སྲིད་སྐྱོང་གིས་ཚོགས་འདུ་རིམ་པའི་ནང་བཀའ་གནང་ཡོད་རེད། དེར་བརྟེན་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ལ་ཐེ་ཚོམ་དང་དོགས་པ་གནང་དགོས་པ་གང་ཡང་མེད་ཞུ་རྒྱུ་ཡིན་”ཞེས་གསུངས་པ་ཙམ་ལས། དེ་སྔོན་ཤེས་ཡོན་སྲིད་ཇུས་ལག་བསྟར་མེད་སའི་སློབ་གྲྭ་གང་ཞིག་ལ་ད་ལྟ་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་སྟངས་དང་། དེ་བཞིན་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡོང་ཆེད་ཀྱི་ལས་འགུལ་འདི་དང་འདི་སྤེལ་ཡོད་ཅེས་གཅིག་ཀྱང་ངོ་སྤྲོད་བྱེད་རྒྱུ་མི་འདུག
ཚོགས་འདུ་དེ་སྤྱི་ཚོགས་ནང་མི་མང་གི་བཀའ་ཤག་འདིས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་སྙམ་པའི་དོགས་པ་སེལ་ཆེད་དུ་རེད་དམ། ཡང་ན་དོན་ངོ་མར་གང་ཞིག་བྱེད་འཆར་རེད། དཔེ་སྟོན་སློབ་གྲྭ་ཡག་རབས་བཤད་དགོས་ཀྱི་ཡོད་མ་རེད། དེ་མི་མང་གིས་ཀྱང་ཤེས་ཀྱི་འདུག  མི་མང་གི་དྲི་བ་དེ་མ་འོངས་པར་དེ་སྔོན་ཤེས་ཡོན་སྲིད་ཇུས་ལག་བསྟར་མེད་པའི་སློབ་གྲྭ་ག་ཚོད་ཅིག་ལ་ལག་ལེན་བསྟར་འཆར་ཡོད་མེད་དང་། དེ་སྔོན་ལག་བསྟར་ཡོད་པའི་སློབ་གྲྭ་ཁག་གི་གནས་སྟངས་ག་འདྲ་བྱས་ནས་ཡར་རྒྱས་གཏོང་གི་ཡིན་ཟེར་བ་དེ་རེད། མདོར་བསྡུས་ན་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་ཇི་ལྟར་བདག་པོ་དང་སྲུང་སྐྱོབ་བྱེད་ཀྱི་ཡིན་ཟེར་བ་དེ་རེད། དེ་བས་གནད་དོན་འདིའི་ཐད་མི་རིགས་འདིའི་རིག་གཞུང་དང་སྐད་ཡིག་ལ་དུང་བ་ཡོད་མཁན་མང་པོ་ཞིག་གིས་མགོ་འཐོམས་སོང་ཟེར་གྱི་འདུག ཁག་མི་འདུག་ནམ་རྒྱུན་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཙམ་ལ་དེ་ཙམ་གྱིས་བདེན་པར་ཆ་འཇོག་གི་མེད་ཀྱང་། དེང་སང་ང་ཚོའི་སྤྱི་ཚོགས་ནང་བཀའ་ཤག་འདིས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་ཀྱི་དོགས་པ་དང་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད་པར་བརྟེན། དངོས་གནས་བྱས་ན་སྐབས་དེར་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་སྐད་ཆ་གསར་པ་མང་པོ་ཞིག་གོ་རྒྱུར་རེ་བ་ཆེན་པོ་ཞིག་བྱས་ཏེ་སོང་བ་ཡིན། ཡིན་ན་ཡང་སྐད་ཆ་ཚང་མ་སྤྱི་བཤད་ཙམ་རེད་འདུག་པས། སྐད་ཆ་གསར་པ་དང་ཁ་གསལ་པོ་གཅིག་ཀྱང་རག་མ་སོང་།
བཀའ་ཤག་འདིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་ཁུར་གནང་སྟེ་ཉིན་ཁ་ཤས་ཤིག་དང་ཟླ་བ་ཁ་ཤས་ཤིག་མ་རེད། མི་ལོ་གསུམ་འཁོར་ཡོད་རེད། དེར་བརྟེན་དངོས་གནས་བྱས་ན་སྐབས་དེར་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱས་ཏེ་ཡར་རྒྱས་འདི་འདྲ་ཞིག་སོང་ཡོད་སྐོར་དང་། མ་འོངས་པར་ལས་འཆར་འདི་འདྲ་ཞིག་ཡོད་ཅེས་ངོ་སྤྲོད་བྱ་རྒྱུའི་ཚབ་ཏུ། མཚམས་དེ་འདྲ་ཞིག་ལ་ད་དུང་ཤེས་ཡོན་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར་བའི་སྐད་ཆ་དེ་འཚམས་པོ་ཞིག་རེད་འདུག་གམ། ངས་བལྟས་ན་སྐད་ཆ་དེ་རང་གིས་བཀའ་ཤག་འདིས་ཤེས་ཡོན་སྲིད་ཇུས་ལ་དོ་སྣང་དང་ཉམས་འཇོག་མེད་པ་མ་ཟད། ལས་དོན་དེའི་ཐོག་ཤུགས་སྣོན་རྒྱག་གི་མེད་པ་མཚོན་གྱི་ཡོད་རེད་བསམ་གྱི་ཡོད།
འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གཞན་གྱིས་མི་རིགས་གང་ཞིག་ཡུན་གནས་ཐུབ་མིན་དེ་སྐད་ཡིག་གནས་ཐུབ་མིན་ལ་རག་ལས་ཡོད་ཟེར་བ་དེ། ང་ཚོའི་སྐུ་ངོ་ཚོས་ཀྱང་རྟག་པར་ཚོགས་འདུ་དང་བགྲོ་གླེང་སོགས་ཀྱི་ཐོག་བཤད་ཀྱི་ཡོད་ན་ཡང་། དེ་ནི་ཁོང་ཚོའི་བཤད་རྒྱུན་ཙམ་ལས་དོན་ངོ་མར་གནད་དོན་དེ་ལག་བསྟར་དང་རྒྱུན་འཁྱོངས་ཡོང་ཆེད་ལས་ཀ་ག་ཚོད་ཅིག་བྱེད་ཀྱི་ཡོད་མེད་དོགས་པ་རེད། དོགས་པ་དེ་ཡང་ང་དང་ང་ལྟ་བུའི་ནམ་རྒྱུན་སྤྱི་ཚོགས་ཀྱི་འགྲོ་སྟངས་མི་ཤེས་མཁན་དང་། མི་རིགས་ཀྱི་རིག་གཞུང་ལ་འགན་ཁུར་མེད་པའི་གླེན་པ་མགོ་འཁོར་ཁག་ཅིག་གི་དོགས་པ་ལྟ་བུ་མ་ཡིན་པར། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་ལ་ཡང་གཅིག་མཚུངས་ཀྱི་ཡོད་པའི་དོགས་གནས་ཤིག་ཆགས་ཡོད་པ་དེ། ཉེ་ཆར་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་ཤེས་རིག་གི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས། གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས། ཤེས་རིག་བཀའ་བློན་ལ་གནད་དོན་དེ་དང་འབྲེལ་ནས་དྲིི་བ་མང་པོ་ཞིག་བཏང་བའི་གནས་སྟངས་ལས་ཤེས་ཐུབ་པ་ཞིག་རེད་ལ། དེ་བཞིན་གྲོས་ཚོགས་དེའི་སྟེང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ཐད་གྲོས་ཚོགས་ནང་ཚོགས་ཆུང་གསར་འཛུགས་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད། དངོས་གནས་བྱས་ན་འཛིན་སྐྱོང་བཀའ་ཤག་གིས་ཀྱང་ཚོགས་ཆུང་ཆེད་འཛུགས་ཀྱིས་ཤེས་ཡོན་སྲིད་ཇུས་ལག་བསྟར་དང་གྲུབ་འབྲས་སོགས་ཀྱི་ཐད་བསྐྱར་ཞིབ་བྱེད་ཀྱི་ཡོད་འདུག
ཡིན་ན་ཡང་ལས་དོན་འདི་གལ་ཆེན་ནང་གི་དོན་ཆེན་ཞིག་ཆགས་ཡོད་པར་བརྟེན། གྲོས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཚོགས་རང་གིས་གནད་དོན་དེའི་ཐད་བསྐྱར་ཞིབ་དགོས་སྐོར་གསུངས་ཏེ། ཨུ་ཚུགས་ཀྱིས་ཚོགས་ཆུང་ཆེད་འཛུགས་དགོས་པའི་གྲོས་ཆོད་དེ་བཞག་ཡོད་པ་རེད། དེར་བརྟེན་ཚོགས་ཆུང་གཉིས་ཀྱིས་དུས་ཡུན་ཐུང་ཐུང་ནང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་ལ་བསྐྱར་ཞིབ་བྱ་རྒྱུ་བྱས་ཡོད་རེད། མ་གཞི་ནས་བསྐྱར་ཞིབ་བྱས་མིན་གྱི་གནད་དོན་ཞིག་མ་རེད། ལག་བསྟར་བྱེད་འདོད་མེད་ན་ཚོགས་ཆུང་དང་བསྐྱར་ཞིབ་ཀྱིས་གང་ཡང་ཕན་ཐོགས་ཀྱི་མ་རེད། གལ་ཏེ་ཚོགས་ཆུང་འདི་གཉིས་ཀྱི་སྙན་ཐོར་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡག་པོ་བྱས་མེད་པའི་གྲུབ་དོན་ཐོན་ན། ག་རེ་བྱེད་རྩིས་ཡོད། དེ་ལྟར་དགོས་པའི་ཁྲིམས་དང་སྒྲིག་གཞི་སུ་ལ་སྟོན་རྒྱུ་ཡོད།
དངོས་གནས་བྱས་ན་ད་ལྟའི་ཆར་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡོད་སའི་སློབ་གྲྭ་ཉུང་ཤས་ལས་མེད་པ་ཚང་མས་ཤེས་ཀྱི་ཡོད་རེད། ཡིན་ན་ཡང་སུས་ཀྱང་དེའི་ཐད་ནུས་པ་འདོན་ཐུབ་ཀྱི་ཡོད་མ་རེད། མ་ཞིག་ནས་ཤེས་རིག་ལས་ཁུངས་ལ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚང་མས་ཤེས་ཡོན་སྲིད་ཇུས་ལག་བསྟར་དགོས་པའི་བཀོད་ཁྱབ་གཏོང་དབང་ཡོད་རེད་དམ་མ་རེད། གལ་ཏེ་ཡོད་ན་ཁོང་ཚོས་དེ་ལྟར་ཉན་རྒྱུ་རེད་དམ་མ་རེད། དེ་ཚོ་ཚང་མ་དོགས་པ་རེད། དེ་བས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་དེ་ཚོར་བསམ་བློ་གཏོང་དགོས་པ་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། གནད་དོན་འདི་བོད་པའི་སྤྱི་ཚོགས་ཀྱི་མཐོ་བ་གྲོས་ཚོགས་ནས་དམའ་སྲང་ལམ་བར་གྱི་སྤྱི་ཚོགས་ཀྱི་བཤད་ཡམས་ལྟ་བུ་ཞིག་ཆགས་འདུག
མཐར་བཤད་འདོད་པ་ཞིག་ནི། ང་ལ་འདིར་བཀའ་ཤག་འདིའི་ལས་དོན་ཕྱོགས་ལ་བསྔགས་བརྗོད་དང་ཡི་རངས་བྱ་རྒྱུ་མེད་པ་མིན་ཡང་། རེ་རེ་བཞིན་བྱ་འདོད་མེད། རྒྱུ་མཚན་ནི་ཉེ་ཆར་གྲོས་ཚོགས་ཚོགས་དུས་༨ པའི་སྟེང་ལྷན་ཁང་ཁག་གི་ལས་བསྡོམས་ལ་བགྲོ་གླེང་གནང་སྐབས། གྲོས་ཚོགས་ཀྱི་འཐུས་མི་ཚོས་བསྔགས་བརྗོད་དང་ཡི་རངས་ཚད་མཐོ་ས་ནས་བྱས་སོང་བ་དེས་ཆོག་པ་གྱིས།།

Share this:
༢༩ ཀློག་གྲངས།