ྋགོང་ས་མཆོག་འཇར་མན་དུ་ཆིབས་བསྒྱུར།

    དེ་ནས་ྋགོང་ས་མཆོག་དང་ཧཱ་སེན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཉིས་དབུ་བཞུགས་ཐོག རྒྱལ་ཁབ་འདྲ་མིན་གྱི་གསར་འགོད་པ་གྲངས་༡༣༠ ཙམ་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང། ཟླ་འདིའི་ཚེས་༡ ཉིན་ྋགོང་ས་མཆོག་གིས་འཇར་མིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོ་དང༌། བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི། འཇར་མན་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་ཁག་ནས། དང་བླངས་བ་མི་གྲངས་༥༠ ཙམ་ལ་བཀའ་སློབ་ཕེབས་དོན་དུ། ཁྱེད་ཚོས་བོད་ཀྱི་གནད་དོན་ཐད་ལ་རྒྱབ་སྐྱོར་བྱས་པ་དེ་ངོས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ང་ཚོའི་མི་ཐོག་འདིའི་ནང་བྱུང་བའི་འདས་པའི་བོད་ཀྱི་ལོ་རྒྱུས་དེ་དཀའ་ཚེགས་ཆེན་པོའི་ནང་ཡོད་པ་རེད། དཀའ་སྡུག་དེའི་ཁྲོད་ནས་བོད་མི་ས་ཡ་བརྒལ་བས་རང་སྲོག་ཤོར་ཡོད་པ་རེད་ཅེས་དང༌། དེ་བཞིན་དེང་སྐབས་འགྲོ་བཞིན་པའི་དབུ་མའི་ལམ་གྱི་སྐོར་ལ། རྒྱ་རིགས་ཚོས་སེམས་ཁུར་དང་རྒྱབ་སྐྱོར་ཡོད་པའི་རྩོམ་ཡིག་མི་འདྲ་བ་༦༨༠ ཙམ་བྲིས་ཡོད་པ་དང། དེའི་ནང་ནས་རྩོམ་ཡིག་ཁག་༡༠༠ ཙམ་རྒྱ་ནག་ནང་དུ་ཡོད་པའི་རྒྱ་རིགས་ཚོས་བྲིས་པ་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད།
    དེ་བཞིན་ཚན་རིག་པ་དང་མཁས་དབང་མང་པོ་ལྷན་ཚོགས་ཀྱི་ཐོག་ྋགོང་ས་མཆོག་གིས། འཛམ་གླིང་གཅིག བློ་གྲོས་གཅིག སེམས་ཁམས་གཅིག་ཟེར་བའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱང་གནང་བ་དང། འཇར་མན་དུ་མཛད་འཕྲིན་ཁག་གྲུབ་རྗེས། སུད་སི་རྒྱལ་ཁབ་ཏུ་ཚོགས་ལ་ཉེ་བའི་རྒྱ་བོད་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ཕེབས་གཏན་ཁེལ་ཡོད་པ་རེད།།  

Share this:
༩༤ ཀློག་གྲངས།