ཨ་སྒོར་ས་ཡ་བཞི་ཅུ་ཞེ་ལྔའི་ཡི་དམ་གཤིན་རྗེ་གཤེད་དམར།

བརྒྱུད་ལམ་ཁག་གཅིག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཚེས་༢༦ ཉིན་ཧོང་ཀོང་ནང་རྟེན་གཞི་བྱས་ཡོད་པའི་(Christie) ཚོང་གཉེར་སྡེ་ཚན་གྱིས་རིན་གོང་རིམ་པས་སྤར་ཆ་བྱས་པ་བཞིན་རྒྱ་མི་ཞིག་གིས་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་རྙིང་པ་ཞིག་ལ་ཨ་སྒོར་ས་ཡ་བཞི་བཅུ་ཞེ་ལྔ་སྤྲད་ནས་ཉོ་སྒྲུབ་བྱས་ཡོད་འདུག

shenjesheདེ་ཡང་བཅའ་དངོས་རྙིང་པ་བསྡུ་རུབ་བྱེད་མཁན་རྒྱ་རིགས་ཅིག་གིས་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་རྙིང་པ་ཞིག་ལ་ཧོང་ཀོང་གི་ཌོ་ལར་ས་ཡ་སུམ་བརྒྱ་བཞི་བཅུ་ཞེ་བརྒྱད་དམ། ཡང་ན་ཨ་སྒོར་ས་ཡ་བཞི་བཅུ་ཞེ་ལྔ་སྤྲད་ནས་ཉོ་སྒྲུབ་བྱས་ཡོད་པ་དང་། དེ་ནི་ཧོང་ཀོང་ནང་རྟེན་གཞི་བྱས་པའི་(Christie) ཚོང་གཉེར་སྡེ་ཚན་ཞིག་གིས་རིན་གོང་རིམ་སྤར་བྱས་ཏེ་མཐའ་མར་རིན་འབབ་མཐོ་ཤོས་སྤྲོད་མཁན་ལ་ཡི་དམ་གཤིན་རྗེ་གཤེད་དམར་གྱི་བོད་པའི་སྐུ་ཐང་དེ་ཚོང་བསྒྱུར་བྱས་ཡོད་པ་རེད། ཐོག་མར་སྐུ་ཐང་གི་གོང་ཚད་ཧོང་ཀོང་གི་ཌོ་ལར་ས་ཡ་དྲུག་བཅུ་ནས་འགོ་འཛུགས་བྱས་པའི་སྐབས་རིན་སྤར་ཚོང་སྒྱུར་གྱི་འགྲན་བསྡུར་དེའི་ནང་ཞུགས་མཁན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་གནའ་ཤུལ་དངོས་རྫས་བསྡུ་རུབ་བྱེད་མཁན་གྱི་སྒྲིག་འཛུགས་དང་མི་སྒེར་པ་བཅས་ཆེས་མང་པོ་བྱུང་ཡོད་ཀྱང༌། དེ་ནས་རིམ་པས་སྐུ་ཐང་གི་རིན་འབབ་ཧོང་ཀོང་གི་ཌོ་ལར་ས་ཡ་བརྒྱ་དང་དྲུག་བཅུ་ལ་སླེབས་སྐབས། འགྲན་བསྡུར་ནང་མི་གཉིས་ལས་མ་ལྷག་པར། མཐའ་མར་(Liu Yiqian) ཟེར་བའི་རྒྱ་མི་ཞིག་གིས་ཧོང་ཀོང་གི་ཌོ་ལར་ས་ཡ་གསུམ་བརྒྱ་ཞེ་བཅུ་ཞེ་བརྒྱད་དམ། ཡང་ན་ཨ་སྒོར་ས་ཡ་བཞི་བཅུ་ཞེ་ལྔ་སྤྲད་དེ་ཉོ་སྒྲུབ་བྱས་ཡོད་འདུག

གནས་ཚུལ་ཡོང་ཁུངས་ལྟར་ན། ད་ལམ་ཚོང་འགྲེམ་བྱས་པའི་ཡི་དམ་གཤིན་རྗེ་གཤེད་དམར་གྱི་སྐུ་ཐང་དེ་བཞིན་མི་ལོ་དྲུག་བརྒྱ་ཙམ་གྱི་སྔོན་དུ་བཞེངས་པའི་གྲུ་ཙིའི་འཚེམ་དྲུབས་རྒྱབ་པའི་སྐུ་ཐང་ཞིག་ཡིན་པ་དང༌། འཛམ་གླིང་ནང་དེ་འདྲ་བའི་ཡིད་དམ་གཤིན་རྗེ་གཤེད་དམར་གྱི་སྐུ་ཐང་གསུམ་ལྷག་ཡོད་པའི་ནང་ནས་ད་ལྟའི་ཆར་གཉིས་ལྷ་སའི་གཙུག་ལག་ཁང་གི་ནང་ཡོད་པ་དང༌། དེ་ཡང་གཤིན་རྗེ་གཤེད་དམར་ནི་འཇམ་དཔལ་དབྱངས་དྲག་ཁྲོས་ཡི་དམ་གྱི་སྐུར་བཞེངས་པ་ཞིག་ཡིན་པ་རེད་འདུག།
སྐུ་ཐང་དེ་ནི་རྒྱ་ནག་གོང་མ་མིང་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་ཡུང་ལོའི་དབུ་བླ་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་ལ་ཕུལ་ཡོད་སྐོར་ཡང་བརྗོད་ཡོད་པ་རེད་ལ། མིང་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་ཡུང་ལོ་ནི་ཕྱི་ལོ་༡༤༠༣ ལོར་རྒྱལ་ཁྲིར་འཁོད་ནས་༡༤༢༥ བར་རྒྱལ་སྲིད་བཟུང་ཡོད་པ་རེད་འདུག།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༡༤༢ ཀློག་གྲངས།