འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི།

ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་གིས་གོ་སྒྲིག་འོག་འཛམ་གླིང་གཉན་ནད་རེག་དུག་གམ་ཨེ་ཙི་ན་ཚའི་ཉིན་མོར་སྲུང་བརྩིའི་མཛད་སྒོ་ཞིག་མོན་གྷོ་ས་གནས་མི་མང་ཚོགས་ཁང་ནང་འཚོགས་ཡོད་པ་དང་།
mundgodམཛད་སྒོའི་སྟེང་རང་གཞུང་སྐུ་ཚབ་མོན་གྷོ་ས་གནས་འགོ་འཛིན་སྐུ་ངོ་ཕུན་ཚོགས་ཚེ་རིང་ལགས་དང་ས་གནས་གྲོས་ཚོགས་ཚོགས་གཙོ་རྣམ་རྒྱལ་རྒྱལ་མཚན་བོད་རང་དབང་བདེན་པའི་ལས་འགུལ་ཁང་གི་ཚོགས་གཙོའི་སྐུ་ཚབ་གཙོས་གནད་ཡོད་ མི་སྣ་དང་། ལས་བྱེད། ས་གནས་གཞི་གྲོང་ཁག་དགུའི་མི་མིང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་གནང་ཡོད་པ་རེད།

དེ་ཡང་ས་གནས་འགོ་འཛིན་སྐུ་ངོ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་རང་གཞུང་དབུས་འཕྲོད་བསྟེན་ལས་ཁུངས་ཀྱི་ཡོངས་ཁྱབ་གསུང་འཕྲིན་མི་མང་ལ་སྒྲོག་སྦྱངས་དང་འབྲེལ་གཏམ་བཤད་གནང་བའི་ནང་དོན།     སྦྱིར་ཨེ་ཙི་ན་ཚ་ཟེར་བ་དེ་ནི་སྦྱིར་བཏང་གི་ན་ཚ་ཞིག་མ་ཡིན་པར་ང་ཚོ་འགྲོ་བ་མིའི་བདེ་སྐྱིད་དང་སྲོག་འཕྲོག་བྱེད་ཅིག་ཡིན་པའི་སྟབས་ཀྱིས་ང་ཚོས་དུས་ནམས་ཡང་ན་ཚ་དེ་སྔོན་འགོག་གི་ཆེད་དུ་ཚང་མིའི་ནུས་བ་གཅིག་ཏུ་སྤུངས་དེ་མཉམ་རུབ་ཐོག་ན་ཚ་དེ་སྔོན་འགོག་་བྱེད་དགོས་ཀྱི་རེད་ལ།   དཔེར་ན་ས་གནས་འདི་ལ་མཚོན་ན་གཞུང་གི་ལས་ཁུངས་སུ་ཨེ་ཙི་ན་ཚ་ཡོད་མཁན་དེ་འདྲའི་སོ་སོའི་སྐྱིད་སྡུག་བཤད་མཁན་ཡོང་གི་འདུག ཁོང་ཚོས་བརྗོད་པ་ལྟར་ན་ཨེ་ཙིའི་ནད་ཚ་དེ་འགོས་ཡོད་པའི་སྟབས་ཀྱིས་སྤྱི་ཚོགས་ནང་དུ་ལས་ཀ་ལས་རྒྱུ་མ་རག་པ་དང་མི་གཞན་དང་འབྲེལ་བ་བྱེད་ཐུབ་བྲལ་གྱི་ཡོད་པ་མ་ཟད། ཐ་ན་སོ་སོའི་ལྟོ་རྒྱབ་ཙམ་ཡང་གསོ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་སྐྱིད་སྡུག་བཤད་མཁན་ཡོང་སོང་ལ།   ངོ་མ་སྙིང་རྗེ་དགོས་བ་ཞིག་རེད་འདུག

སྦྱིར་ཨེ་ཙི་ནད་ཚ་ཟེར་བ་དེར་གཟབ་གཟབ་བྱེད་དགོས་རྒྱུ་ང་ཚོ་མི་མང་ཡོང་གིས་འོས་འགན་རེད། གལ་ཏེ་ནད་ཚ་དེར་གཟབ་གཟབ་མ་བྱས་བར་མཐོང་ཆུང་བྱས་ཚེ་རང་ཉིད་ཙམ་མིན་པར་སྦྱི་ཚོགས་ཡོངས་ལ་གནོད་སྐྱེལ་གྱི་ཡོད་པ་རེད།   ཡིན་ན་ཡང་ན་ཚ་དེའི་རིགས་ལ་གཟབ་གཟབ་བྱེད་སྟངས་སོགས་ང་ཚོ་ཚང་མས་ཤེས་གསལ་ལྟར་མང་ཆེ་བ་ཁྲག་བརྒྱུད་ནས་འགོས་ཀྱི་ཡོད་པ་དང་། དེ་ཡང་ཕོ་མོའི་ལུས་འབྲེལ་བརྒྱུད་ནས་ནད་ཚ་དེ་འགོས་སླ་བ་སོགས་མདོར་ན་མི་སྒེར་རང་ཉིད་ཀྱི་སྤྱོད་ལམ་ལ་བདག་པོ་རྒྱག་ཐུབ་ན་ན་ཚ་དེ་འགོས་ཐུབ་ཀྱི་ཡོད་ཚོད་མི་འདུག གོང་དུ་བརྗོད་པའི་ནད་ཚ་དེའི་རིགས་འགོས་ཡོད་པའི་ནད་པ་རྣམས་ལ་མི་སྒེར་དང་སྤྱི་ཚོགས་ཀྱི་འབྲེལ་བ་མ་བཅད་པར་ཁོང་ཚོའི་སྡུག་བསྔལ་ལ་བསམ་ཤེས་བྱས་ཏེ་རོགས་རམ་འདྲ་བྱེད་ཨེ་ཐུབ་ལྟ་དགོས་ཀྱི་གལ་ཆེན་པོ་རེད།

རྒྱུ་མཚན་ནི་ང་ཚོ་ཚང་མ་ནང་བ་སངས་རྒྱས་པ་ཡིན་པའི་ངོས་ནས་གཞན་གྱི་སྡུག་བསྔལ་ལ་བསམ་ཤེས་ཡོད་པའི་ཐོག་ནས་འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པ་དང་སྐྱེས་རྒ་ན་འཆིའི་སྡུག་བསྔལ་སུ་ཡིས་ཀྱང་མྱོང་དགོས་ཀྱི་ཡོད་པ་རེད་ལ།   མཐར་ཐུག་འགྲོ་ས་དེ་མི་ཚང་མ་གཅིག་མཚུངས་ཡིན་པ་རེད་ཅེས་སོགས་བརྗོད་སོང་།

དེ་ནས་ས་འཐུས་ཚོགས་གཙོ་རྣམ་རྒྱལ་རྒྱལ་མཚན་མཆོག་གིས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གཏམ་བཤད་གནང་དོན། གཉན་ནད་རེག་དུག་ཟེར་བའི་ན་ཚ་དེ་སྔོན་འགོག་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ན་ཚ་དེའི་རང་ཉིད་ཀྱི་མི་ཚེ་འཕྲོ་བརླག་གམ་ཆུད་ཟོས་སུ་འགྲོ་ཡི་ཡོད་པ་རེད་ཅེས་དང་། ཁོང་གིས་མུ་མཐུད་ནས་གསུང་རྒྱུར་རང་གཞུང་བཀའ་ཤག་དང་ལྷག་པར་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་ནས་གསལ་བསྒྲགས་དང་གསུང་འཕྲིན་རིགས་ཡོངས་རྫོགས་དབྱིན་ཡིག་ཐོག་གཏོང་བཞིན་ཡོད་པ་འདི་ཏོག་ཙམ་ནོར་འཁྲུལ་ཞིག་ལ་ངོ་འཛིན་མི་བྱེད་ཁ་མེད་ཡིན་པ་སོང་ཙང་འབྱུང་འགྱུར་ཡང་གནད་དོན་འདིའི་རིགས་ཀྱི་ཐོག་སྐད་ཆ་ངེས་པར་དུ་བཤད་ཀྱི་ཡིན་ཅེས་སོགས་གསུང་སོང་།

དེ་ནས་མོན་གྷོ་ས་གནས་འཕྲོན་བསྟེན་སྨན་ཁག་གཉིས་ཀྱི་སྨན་པ་གཉིས་ཀྱི་མི་མང་ལ་གཉན་ནད་རེག་དུག་དང་འབྲེལ་བའི་སྐོར་ལ་སྔོན་འགོག་བྱེད་ཕྱོགས་དང་འབྲེལ་འཕྲོད་བསྟེན་རྒྱུན་ཤེས་ཐོག་རིམ་པས་མི་མང་ལ་ལམ་སྟོན་གསུང་བཤད་གནང་གྲུབ་རྗེས། འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ངག་དབང་ཐུབ་བསྟན་མཆོག་གིས་ཐུགས་རྗེ་ཆེའི་གསུང་བཤད་དང་འབྲེལ་གསུང་དོན། གཉན་ནད་རེག་དུག་གི་ན་ཚ་འདིའི་མཚོན་ན་ཚ་ཚབས་ཆེན་ཕོག་ཡོད་མཁན་གྱི་ནད་པ་ཚོར་སྤྱི་ཚོགས་ནང་དབྱེ་འབྱེད་མེད་པའི་ཐོག་ནས་སྤྱི་སྒེར་ཡོངས་ཀྱིས་གཟིགས་སྐྱོང་ཡག་པོ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ལ། མོན་གྷོ་ས་གནས་འདིར་མཚོན་ན་བོད་ནས་གསར་དུ་ཕེབས་པའི་གསར་འབྱོར་སྐྱིད་སྡུག་དང་མོན་གྷོ་ཕོ་གསར་ཚོགས་པ་གཉིས་ཀྱིས་ངོས་ནས་ནད་པ་ཉམ་ཐག་ཚོར་བདག་པོ་རྒྱག་སྟངས་ཧ་ཅང་ཡག་པོ་རེད་ལ། སེམས་གཏིང་ནས་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་སོགས་གསུངས་སོང་།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༥༤ ཀློག་གྲངས།