དགེ་སྡིག་དང་ཆོས་ཀྱི་གོ་དོན་སྐོར།

    དུད་འགྲོའི་རིགས་ཀྱིས་དུས་ཡུན་ཐུང་ངུའི་བདེ་བ་ནས་ཉིན་རེའི་བདེ་བ་དང་ཉིན་རེ་ཟུང་གི་བདེ་བའི་བར་ཙམ་མ་གཏོགས་ཐག་རིང་པོའི་བདེ་བ་དོན་དུ་གཉེར་མི་ཤེས། མི་རྣམས་ཀྱིས་ཉིན་ཤས་དང༌། ལོ་ཟླ་འགའ་ཤས། མི་ཐོག་གཅིག་གི་བདེ་བ། མི་ཐོག་མང་པོའི་བདེ་བ། ཚེ་གང་གི་བདེ་བ། ལྷག་པར་ཆོས་ཁས་ལེན་མཁན་ཚོས་ཚེ་འདི་ཕྱི་གཉིས་ཀའི་བདེ་བ། ཚེ་རབས་གཏན་གྱི་བདེ་བའི་བར་དོན་དུ་གཉེར་བ་སོགས་ཕུགས་རྒྱང་ཤིན་ཏུ་རིང་པོའི་བདེ་བ་དོན་དུ་གཉེར་ཤེས།
    དེ་བཞིན་དུ་དུད་འགྲོ་རྣམས་ཀྱིས་རང་ཉིད་གཅིག་པུའམ། མ་བུ་ཉེ་འབྲེལ་འགའ་ཤས། ཡང་ན་རིགས་མཐུན་ཚོགས་ཁག་ཆེ་ཆུང་གི་བདེ་བའི་རྒྱུ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་ཆུང་ངུ་རེ་ལ་འབད་ནུས། འགྲོ་བ་མི་ཡི་རིགས་ཀྱིས་ཆུང་ས་རང་ཉིད་གཅིག་པུ་ནས་བཟུང་བཟའ་ཟླ་དང་བུ་རྒྱུད། གྲོགས་ཉེ་འཁོར་དང་བཅས་པ། ཆེ་ས་ནས་རང་ཕྱོགས་དང༌། རྒྱལ་ཁབ། འཛམ་གླིང་སྤྱི་དང༌། དེ་ལས་རྒྱ་ཆེ་བ་འགྲོ་བ་རིགས་དྲུག་གམ་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་རྒྱུ་སྒྲུབ་ཤེས་ལ་སྡུག་བསྔལ་སེལ་བའི་ཐབས་བསམ་ཤེས་ཤིང་འབད་རྩོལ་བྱེད་པའི་ནུས་པ་ཡོད།
    དུད་འགྲོ་རྣམས་ལ་གནས་སྐབས་ཀྱི་བདེ་བའི་ཆེད་དུ་བདེ་བ་ཆུང་ངུ་བློས་གཏོང་ཐུབ་པའི་རྣམ་དཔྱོད་ཙམ་ཡོད། མི་རྣམས་ཀྱིས་ཉིན་རེའི་བདེ་བ་ནས་བཟུང་ལོ་མང་པོའི་བདེ་བའི་བར་བློས་བཏང་སྟེ་དེ་ལས་རྒྱ་ཆེ་བའི་བདེ་བ་སྒྲུབ་ཤེས། ཚེ་འདིའི་བདེ་བ་བློས་བཏང་ནས་ཚེ་ཕྱི་མའི་བདེ་བ་དང༌། ཚེ་ཕྱི་མའི་བདེ་བ་བློས་བཏང་ནས་དེ་ལས་ལྷག་པ་འདི་ཕྱི་ཚེ་རབས་གཏན་གྱི་བདེ་བའི་རྒྱུ་སྒྲུབ་ཤེས་པའི་རྣམ་དཔྱོད་ཡོད།
    འོན་ཀྱང་ཚེ་ཕྱི་མ་ཕན་ཆད་ཀྱི་བདེ་བ་ནི་མིག་གིས་ལམ་སང་མཐོང་ཆོག་ཆོག་མེད་པས་ཆོས་ལུགས་ཀྱི་གཞུང་ཚད་ལྡན་ཞིག་སྦྱངས་ནས་ཤེས་པར་བྱས་ཏེ་རིགས་པས་དཔྱད་ནས་ངེས་པ་རྙེད་དགོས། དུད་འགྲོ་རྣམས་ཀྱིས་ལུས་ཀྱི་བདེ་བ་ཙམ་གཙོ་བོར་དོན་དུ་གཉེར། མི་ལ་སོགས་པས་ལུས་སེམས་གཉིས་ཀའི་བདེ་བ་འདོད་པར་མ་ཟད། ལུས་སེམས་གཉིས་ཀའི་སྡུག་བསྔལ་ཆུང་ངུ་བློས་བཏང་ནས་བདེ་བ་ཆེན་པོ་སྒྲུབ་ཐུབ་པའི་རྣམ་དཔྱོད་ཡོད། ཆོས་པ་ཞིག་ཡིན་ན་རང་གི་བདེ་བ་གང་མང་བློས་བཏང་ནས་གཞན་གྱི་བདེ་བ་དང་ཚེ་ཕྱི་མའམ་ཚེ་རབས་གཏན་གྱི་བདེ་བའི་རྒྱུ་སྒྲུབ་པའི་ཐབས་ལ་བརྩོན་མཁན་ཞིག་ཡིན་དགོས། ཆོས་སྲིད་ཀྱི་བྱ་བ་གང་ཡིན་ཡང་རུང་རང་ལས་གཞན་རྩ་བ་ཆེ་བར་བཟུང་ནས་མི་མང་བ་དེའི་དོན་བྱེད་མཁན་ནི་རླབས་ཆེན་གྱི་མི་ཞིག་ཏུ་བརྩི་བ་ལྟར། རང་ཅག་ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན། མི་ཙམ་དུ་མ་ཟད་དུད་འགྲོ་འབུ་སྲིན་ནས་བཟུང་རང་གཞན་སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བའི་རྒྱུ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་ལ་འབད་དགོས་པའི་བསམ་བློ་གཏོང་སྟངས་འདི་ཆེས་རླབས་ཆེན་དང་ཆེས་གཟི་བརྗིད་ཅན་ཞིག་ཡིན།
དགེ་སྡིག་གི་ངོ་སྤྲོད། སྤྱིར་དགེ་སྡིག་ཡོད་མེད་དང་དགེ་བ་དང་སྡིག་པ་གང་ཡིན་སོགས་ལས་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཞིབ་པར་ཤེས་འདོད་ན་ཆོས་ལུགས་ཀྱི་གཞུང་ཞིག་སྦྱངས་ནས་ཤེས་དགོས་ནའང་ཤིན་ཏུ་གོ་བདེ་བའི་རོབ་བཤད་ཅིག་ཞུ་ན།
    གཞན་ལ་དངོས་ཤུགས་བརྒྱུད་གསུམ་ནས་མི་གནོད་པའི་འཚེ་བ་མེད་པ་དང༌། ཕན་ཐོགས་པའི་ལས་ཀ་སེམས་བཟང་གིས་གང་བྱས་ན་དེའི་འབྲས་བུ་བདེ་བའམ་ལེགས་པ་ཡིན་པས་དེ་ལ་དགེ་བའི་བྱ་བ་ཟེར། བྱ་བ་གང་བྱས་པ་དེའི་འབྲས་བུར་གཞན་ལ་མི་བདེ་བ་དང༌། སྡུག་བསྔལ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་ཡོང་གི་འདུག་ན་དེ་སྡུག་བསྔལ་སྐྱེད་བྱེད་ཡིན་པས་དེ་མི་དགེ་བའི་བྱ་བ་ཡིན།
    ཆོས་ཁས་མི་ལེན་ནའང་གཞན་པ་ཕན་པའི་བྱ་བ་ཞིག་བྱས་ན་དེ་དགེ་བའི་ལས་ཡིན་པས་དེའི་འབྲས་བུ་བདེ་བ་ཡིན་ལ། གཞན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པའི་བྱ་བ་ཞིག་བྱས་ཡོད་ན་དེ་མི་དགེ་བའི་ལས་ཡིན་པས། དེའི་འབྲས་བུ་ལ་ཚེ་འདི་ཕྱིའི་གནས་སྐབས་གང་ཡང་རུང་བ་ཞིག་ཏུ་སྡུག་བསྔལ་མྱོང་དགོས་པ་ནི། མེ་ཡོད་ན་ཚ་བའི་རང་བཞིན་མི་འདོར་བ་ལྟར་ཡིན་པས་ཆོས་ཁས་མི་ལེན་ཞེས་བརྗོད་པ་ཙམ་གྱིས་སྡིག་པ་རང་ཞིར་མི་འགྲོ་བ་ཆོས་ཉིད་ཡིན།
    ཆོས་ཁས་ལེན་མི་ལེན་གང་ཡིན་ཡང་རུང་རང་ཉིད་ཁོ་ནའི་བདེ་བ་མ་བསམ་པར་གཞན་ཕན་གྱི་བསམ་པས་ཐ་ན་འབུ་སྲིན་ཚུན་ཆད་ཀྱི་སྲོག་བསྐྱབས་པའི་དགེ་བའི་ལས་ཤིག་བྱས་ན་དེ་ལ་འབྲས་བུ་བདེ་བ་འབྱུང༌། རང་གཞན་གང་ཡང་རུང་བའི་ཆེད་དུ་གཞན་གྱི་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པར་དངོས་ཤུགས་བརྒྱུད་གསུམ་ནས་གནོད་ཅིང་འཚེ་བའི་ལས་ཞིག་བྱས་ན་དེའི་འབྲས་བུར་སྡུག་བསྔལ་མྱོང་དགོས་པ་ནི་ཆོས་ཉིད་ཡིན། དཔེར་ན། དཔྱིད་ཀར་ཞིང་ལ་ས་བོན་ལེགས་པ་ཞིག་བཏབ་ན་སྟོན་དུས་འབྲས་བུ་ལེགས་པོ་ཞིག་ཡོང་བ་དང༌། དཔྱིད་དུས་ཞིང་ཁར་ས་བོན་ངན་པ་ཞིག་བཏབ་ན་སྟོན་དུས་འབྲས་བུ་མི་ལེགས་པ་ཞིག་ཡོང་བ་ལྟར། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་གཞན་ལ་ཕན་སེམས་ཀྱིས་འཚེ་བ་མེད་པ་དང་ཕན་ཐོགས་ཡོད་པའི་བྱ་བའམ་ལས་བཟང་པོ་ཞིག་བྱས་ཡོད་ན། བདེ་བ་མི་དགོས་ཟེར་ནའང་དེའི་འབྲས་བུར་བདེ་བ་ཡོང་བ་ཆོས་ཉིད་ཡིན་པས་རྒྱུན་དུ་སེམས་པ་བཟང་པོས་བྱ་བ་ལེགས་པོ་ཞིག་སྒྲུབ་ན་རང་ལ་ཁེ་བཟང་ཆེ་བ་དང༌། གཞན་ལ་ཕན་ཐོགས་བྱས་ན་རང་ཉིད་ཀྱང་མི་བཟང་པོའི་གྲལ་དུ་ཚུད་པ་སོགས་ཀྱི་དགེ་མཚན་མང་པོ་ཡོད།
ཆོས་ཀྱི་གོ་དོན་ནི། ཆོས་ཞེས་པ་འདིའི་གོ་དོན་ཤིན་ཏུ་རགས་པ་ཞིག་བཤད་ན། ཆོས་ནི་སྔོན་གྱི་སྟོན་པ་དང་བླ་མ་གང་ཡང་རུང་བས་གསར་དུ་བཟོས་པའི་ཁྲིམས་དང་སྲོལ་རྒྱུན་གྱི་ལམ་ལུགས་ལྟ་བུའི་སྤྱོད་ཚུལ་ཞིག་མིན་པར། ཁྱིམ་བཟའ་ཚང་ནས་བཟུང་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྤྱོད་ལམ་ངན་པ། ངག་གི་སྨྲ་བརྗོད་ངན་པ་དང༌། ཡིད་ཀྱི་བསམ་བློ་གཏོང་སྟངས་དོན་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་ངན་པ་ཕྲ་རགས་གང་ཡོད་ཐམས་ཅད་འཆོས་པའམ་བཅོས་བསྒྱུར་བྱེད་པའི་བྱ་བ་ལ་ཆོས་ཟེར་ཆོག དེ་ལྟ་བུའི་ཆོས་དེ་འཇིག་རྟེན་མི་ལུགས་དང་མཐུན་ལ་ཆབ་སྲིད་ཀྱི་གཡོ་སྒྱུས་མ་བསླད་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཡ་རབས་དང་མཐུན་པས། ཆུང་ས་ཁྱིམ་ཚང་ནས་བཟུང་ཆེ་ས་རྒྱལ་ཁབ་དང༌། འཛམ་གླིང་འདིའི་སྤྱི་ཚོགས། མ་སེམས་ཅན་ཐམས་ཅད་ཡ་རབས་སྤྱོད་བཟང་ཅན་དུ་བསྒྱུར་བའི་ནུས་པ་ཡོད།
ཆོས་ཁས་ལེན་དང་མི་ལེན་ནི། ཆོས་ལུགས་སྲོལ་རྒྱུན་གྱི་ལམ་སྲོལ་གང་ཡང་རུང་བ་ཁས་ལེན་མི་ལེན་དང༌། ལྷ་དང་བླ་མ་གང་ཡང་རུང་བར་དད་པ་བྱེད་དང་མི་བྱེད། ཁ་འདོན་དགེ་སྦྱོར་བྱེད་མི་བྱེད། བླ་མས་གསུང་ཚད་ཁས་ལེན་མི་ལེན་དང༌། བླ་མས་ཅི་མཛད་ལེགས་མཐོང་ཡིན་མིན། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་ལ་ཕྱལ་འཚལ་སྐོར་བ་དང༌། བླ་མ་དང་དགོན་པ་གྲྭ་ཚང་གི་སྦྱིན་བདག་བྱས་མ་བྱས་ཙམ་གྱིས་ཆོས་ཁས་ལེན་དང་མི་ལེན་དུ་མི་འཇོག དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སྐྱབས་སུ་སོང་བའི་བསླབ་བྱ་ལ་ཚུལ་བཞིན་སློབ་མཁན་ཞིག་གིས། གཞན་ཕན་གྱི་བསམ་བློ་ཡོད་པའི་ཐོག་ནས་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་འཚེ་བ་མེད་པ། ཡ་རབས་སྤྱོད་བཟང༌། འཇིག་རྟེན་མི་ལུགས་དང་མཐུན་པ། ཀུན་སློང་བཟང་པོས་བྱ་བ་ལེགས་པ་ཞིག་བྱེད་ཀྱི་འདུག་ན་དེས་ཆོས་བྱས་པ་དང་ཆོས་ཁས་ལེན་པར་འཇོག་ཐུབ། འོན་ཀྱང་ཆོས་ལུགས་པའི་སྲོལ་རྒྱུན་གྱི་བྱ་སྤྱོད་ནང་འཇིག་རྟེན་མི་ལུགས་དང་མི་མཐུན་ཞིང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་རྒྱབ་འགལ་དུ་ཕྱིན་པའི་བྱ་སྤྱོད་ཤིན་ཏུ་མང་བས། དེ་ཚོའི་སྐྱོན་ལ་སྐྱོན་དུ་ངོས་ཟིན་པར་བྱས་ཏེ་ཆོས་དང་མཐུན་པར་བཅོས་དགོས་པ་མ་གཏོགས་ཁས་ལེན་འོས་པ་ཞིག་མིན། དཔེར་ན། དགེ་འདུན་པའི་ཆེད་དུ་དམིགས་ནས་སེམས་ཅན་བསད་དེ་ཚོགས་ལ་བཞེས་ཐུག་འབུལ་བ་དང་ཞབས་བརྟན་སྒྲུབ་པའི་སྲོལ་རྒྱུན་ལྟ་བུ་སོགས་ཤིན་ཏུ་མང༌། དེ་ལྟ་བུའི་ཆོས་ལུགས་པའི་སྲོལ་རྒྱུན་གྱི་བྱ་སྤྱོད་འགའ་ཤས་ལ་སྐྱོན་ཡོད་པའི་རྒྱུ་མཚན་གྱིས་ཆོས་དང་ཆོས་ལུགས་པའི་བྱ་སྤྱོད་གཉིས་ཀ་གཅིག་ཏུ་འཁྲུལ་ནས་ཆོས་ལ་སྐྱོན་བརྗོད་བྱེད་མི་རུང༌།།

Share this:
༧༩ ཀློག་གྲངས།