དམ་ཆོས་འདུལ་བའི་སྐོར་གྱི་བགྲོ་གླེང་ཚོགས་ཆེན།

ཕྱི་ཟླ་འདིའི་ཚེས་༩ ནས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་ས་གནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་གོ་སྒྲིག་འོག སེར་བྱེས་གྲ་ཚང་གི་ལྷུན་གྲུབ་ཁང་གསལ་ཚོགས་ཁང་གསར་པའི་ནང་དུ་དམ་ཆོས་འདུལ་བའི་སྐོར་གྱི་བགྲོ་གླེང་ཚོགས་ཆེན་ཞིག་ཚོགས་བཞིན་ཡོད་པ་རེད།

photo 2དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་ལམ་སྟོན་གཞིར་བཟུང་གིས་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ཐེ་ལན་ཌ་དང་། སི་རི་ལང་ཀ ཐའེ་ཝན། རྒྱ་གར། བོད་པ་བཅས་ཀྱི་བྱེ་བྲག་སྨྲ་བའི་སྡེ་བ་མི་འདྲ་བ་ཁག་གི་མཁས་དབང་ནང་ཕན་ཚུན་དམ་ཆོས་འདུལ་བའི་སྐོར་གྱི་བགྲོ་གླེང་ཚོགས་བཞིན་ཡོད་པ་རེད་ལ། ཐེངས་འདིའི་བགྲོ་གླེང་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་དང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ། སེར་བྱེས་མཁན་རིན་པོ་ཆེ་བཅས་ཀྱིས་དབུས་པའི་སེར་བྱེས་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་། དགེ་བཤེས་རྣམ་པ་འདུལ་བ་འཛིན་གྲྭའི་སློབ་གཉེར་བ་རྣམ་པ་དང་། གཞན་ཡང་དབྱིན་ཡུལ་དང་ཐའེ་ལན་ཌ། སི་རི་ལང་ཀ ཐའེ་ཝན། རྒྱ་གར་བཅས་ནས་མཁས་དབང་ཁག་ཅིག་གདན་ཞུས་ལྟར་མཉམ་ཞུགས་གནང་ཡོད་པ་རེད།
བགྲོ་གླེང་ཐོག་དགའ་ལྡན་ཁྲི་རིན་པོ་ཆེས་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བའི་ཐོག་གསུང་བཤད་གནང་སྐབས། སྤྱིར་དམ་ཆོས་འདུལ་བ་ནི་ནང་སངས་རྒྱས་པའི་བསླབ་བསྡོམ་ཡོངས་ཀྱི་གཞི་རྩ་ལྟ་བུ་ཆགས་ཀྱི་ཡོད་པའི་སྐོར་དང་། ཐེག་ཆེན་དང་ཐེག་དམན་དབར་རང་རང་གི་ལྟ་བ་དང་གྲུབ་མཐའི་བཞེད་སྲོལ་ཁག་གི་སྐོར་གསུངས་ཡོད་པ་རེད།

སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་ཀྱིས་བགྲོ་གླེང་དེ་གོ་སྒྲིག་གནང་དགོས་དོན་སྐོར་ལ་ངོ་སྤྲོད་དང་འབྲེལ་གསུང་བཤད་སྐབས། བསྟན་པ་གནས་དང་མ་གནས་ཀྱི་རྩ་བའི་དགེ་འདུན་གྱི་འདུལ་བའི་བསྟན་པ་གནས་མ་གནས་ལ་ཐུག་ཡོད་པ་མ་ཟད། འདུལ་བ་ནི་བསྟན་པ་དང་སྟོན་པ་གཉིས་པ་ལྟར་ཡིན་པ་མ་ཟད་སངས་རྒྱས་སྐུ་དངོས་འཇིག་རྟེན་དུ་ཕེབས་ཀྱང་འདུལ་བ་མ་སྲུང་བར་འགྲོ་ས་མེད་པ་སོགས་ལུང་འདྲེན་དང་འབྲེལ་འདུལ་བའི་གལ་གནད་སྐོར་གསུང་བཤད་གནང་སོང་།

photo 3དེ་རྗེས་དབྱིན་ཡུལ་ནས་ཕེབས་པའི་འདུལ་འཛིན་དགེ་སློང་ཕར་མ་ཧས་ཐེ་ལན་ཌའི་གནས་བརྟན་སྡེ་བའི་ལུགས་གཞིར་བྱས་པའི་སྡོམ་པ་འབོག་ཆོག་སྤྱི་ཡོངས་ཀྱི་སྐོར་ལ་གཏམ་བཤད་གནང་གྲུབ་དང་ཆབས་ཅིག ཤི་རི་ལང་ཀའི་འདུལ་འཛིན་དགེ་སློང་མ་ཧིན་དྷ་སངྷ་རཀྴཏས་གནས་བརྟན་སྡེ་བའི་ལུགས་ཀྱི་དགེ་སློང་གི་སྡོམ་པ་འབོག་ཆོག་གི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
དེ་ནས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་གྱིས་གཞི་ཐམས་བཅད་ཡོད་པར་སྨྲ་བའི་སྤང་བྱ་ལྡོག་པའི་ཚུལ་ཁྲིམས་སྐོར་ལ་གསུང་བཤད་དང། ཝར་ཎ་སམ་ཀྲི་ཏ་མཐོ་སློབ་ཁང་གི་མཁས་དབང་སྐུ་ཞབས་ར་མེ་ཤ་པྲས་དས་གནས་བརྟན་སྡེ་བའི་ལུགས་ཀྱི་སྡོམ་པའི་བརྒྱུད་རིམ་སྐོར་གསུང་བཤད་གནང་། བྷེང་ག་ལོར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ཚོགས་གཙོ་འདུལ་འཛིན་ཀ་ཤ་པ་མ་ཧ་ཐེ་རས་དབྱར་གནས་ཅིའི་ཕྱིར་འཚོགས་དགོས་པ་དང་ཇི་ལྟར་འཚོགས་དགོས་མིན་བཅས་ཀྱི་སྐོར་བཅས་ཀྱི་སྐོར་ལ་བགྲོ་གླེང་གསུང་བཤད་དང་རིམ་པས་དྲི་བ་དྲི་ལན་གནང་ཡོད་པ་རེད།

ཕྱི་ཚེས་༡༠ ཉིན་ཚོགས་བཞུགས་པ་རྣམ་པས་མ་འོངས་བྱེད་ཕྱོགས་སྐོར་ལ་བསམ་ཚུལ་བསྡུ་ལེན་དང་འབྲེལ་བྱང་རྩེ་ཆོས་རྗེ་དང་སེར་བྱེས་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་མུ་མཐུད་ནས་བགྲོ་གླེང་གསུང་བཤད་གནང་ཡོད་པ་རེད།

ཐེངས་འདིའི་སེར་བྱེས་གྲྭ་ཚང་ནང་བསྐོང་ཚོགས་གནང་བའི་འདུལ་བའི་བགྲོ་གླེང་འདི་ནི་ལོ་རྒྱུས་ནང་ཐེངས་དང་པོ་ལྟ་བུ་ཆགས་ཀྱི་ཡོད་པ་དང་། མ་འོངས་པར་མུ་མཐུད་དུ་ས་གནས་མི་འདྲ་བར་ཚོགས་འཆར་ཡོད་པ་རེད། །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༡༨༦ ཀློག་གྲངས།