ཨ་རིའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གསལ་བསྒྲགས།

ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་མདོ་སྟོད་ཆུ་བཞི་སྒང་དྲུག་དང་དེའི་ཁྱབ་ཁོངས་སུ་གཏོགས་པའི་མདོ་ཁམས་མི་མང་ཡོངས་ནས་བོད་གཞིས་བྱེས་གཉིས་སུ་ཡོད་པའི་རང་རེའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།
ཉེ་ཆར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་བྱང་ཨ་རིའི་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས། ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་མདོ་སྟོད་རྒྱ་ཆེའི་མི་མང་ཡོངས་ནས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་འདིར་བཞུགས་རྒྱ་ཆེ་མི་མང་རྣམས་ལ་དུས་གསུམ་གསལ་གཟིགས་ཀྱིས་བཀའ་སློབ་ལམ་སྟོན་ཟབ་མོ་ཕེབས་པར་རང་ཅག་མདོ་སྟོད་རྒྱ་ཆེའི་མི་མང་ནས་བཀའ་གསུང་དང་ལེན་གྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་དགོས་བོད་ཁ་བ་གངས་ཅན་པའི་རྩ་དོན་ཆེད་དུ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་འགྱུར་བའི་ཕྱར་གྲུ་མཉམ་འདེགས་ཀྱིས་མཛད་དཀའི་རང་བཞིན་དུ་མི་འགྲོ་བ་སྙིང་བཅངས་དམ་དོན་ཞུ་རྒྱུ།
སྤྱི་ལོ་༢༠༡༤ ཟླ་༩ ཚེས་༢༨ ཉིན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་དེའི་ཁྱབ་ཁོངས་སུ་ཡོད་པའི་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་ཚོགས་གཞོན་གཙོས་ཚོགས་འདུ་རྒྱས་འཛོམས་སྐབས་གྲོས་ཆོད་བྱུང་བ་འདི་ལྟར།
dalai lamaདེ་སྔ་འདི་གའི་ས་གནས་ཆུ་སྒང་རྒྱུན་ལས་དང་ཚོགས་མིའི་ཁོངས་ནས་དོལ་རྒྱལ་ཚོགས་པ་དང་འབྲེལ་བ་ཡོད་པ་རེ་ཟུང་ཡོད་པ་དེ་དག་ལ་བདག་ཅག་རྣམས་ནས་རང་དོན་རང་གཅེས་ཐོག་དགེ་བཤད་སྡིག་བསྐྲད་ཀྱིས་ད་ཆ་སྒྲིག་ཁོངས་གཙང་མ་བཟོས་ཟིན་པ་དང། སླད་ཀྱང་དོལ་རྒྱལ་ཚོགས་པ་དང་འབྲེལ་གཏུགས་ལག་འབྲེལ་ཡོངས་སུ་དོར་ཏེ། ༸གང་གི་ལམ་སྟོན་འོག་ཐེ་ཚོམ་མེད་པའི་ཐོག་ཤར་བསྐྱོད་ཞུ་བཞིན་ངང་དམ་སྲི་དོལ་རྒྱལ་ཚོགས་པའི་མ་རུང་བའི་བྱ་སྤྱོད་འདི་དག་ལ་དུས་ནས་དུས་སུ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། དེ་ཡང་གཞིས་བྱེས་བོད་མི་ཡོངས་ཀྱིས་འདོད་དོན་བདེན་མཐའ་གསལ་ཐབས་ཁོ་ནར་དམིགས་ཏེ་ལས་དོན་གང་ཅིའི་ཐོག་ལ་དཀའ་ངལ་འཛེམ་མེད་ཀྱིས་དང་ལེན་ཞུ་རྒྱུ།
སྤྱི་ལོ་༢༠༡༤ ཟླ་༡༡ ཚེས་༤ ཉིན་ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸མགོན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་དམིགས་བསལ་ཟུར་མཇལ་གྱི་དུས་ཚོད་གསོལ་རས་བསྩལ་བར།འདི་ག་ས་གནས་ཆུ་སྒང་རྒྱུན་ལས་ཐུན་མོང་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དང། དཔལ་ལྡན་ཆོས་རིག་བཀའ་བློན་སྐུ་ངོ་པདྨ་ཆོས་འབྱོར་མཆོག གཞན་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་བཅས་ལ་སྒོ་གསུམ་གུས་པ་ཆེན་པོས་ཐུགས་རྗེ་ཆེ་ལན་བརྒྱ་ཞུ་རྒྱུ་ཡིན། དམིགས་བསལ་མཇལ་ཁའི་སྐབས་༸གོང་ས་མཆོག་ནས་བཀའ་སློབ་བསྩལ་དོན། མདོ་སྟོད་མི་རབས་གསར་པ་རྗེས་ཤུལ་བ་རྣམས་ཀྱིས་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་རང་རེའི་བོད་ཀྱི་དཔའ་བོ་བརྒྱ་ཕྲག་མང་པོས་བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་བྱས་རྗེས་རྣམས་བྱས་པ་རྗེས་མེད་དུ་མ་སོང་བར། བོད་བསྟན་སྲིད་དང་བོད་མི་རིགས་ཀྱི་དོན་དུ་ཕྱར་གྲུ་མཉམ་འདེགས་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་ཞེས་གསུངས་པ་དང་འབྲེལ་ནས་སྐབས་དེ་དུས་ཀྱི་དཔའ་བོ་རྣམས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལྷག་བསམ་རྣམ་དག་དང་ཁོང་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱིས་སྐྱེ་བ་ཚེ་རབས་ནས་ཚེ་རབས་རྗེས་སུ་བཟུང་ངེས་ཤ་སྟག་ཅིག་ཆགས་བསྡད་ཡོད་ཅེས་སོགས་བླང་དོར་ལམ་སྟོན་བཀའ་སློབ་ཟབ་མོ་བསྩལ་གནང་སོང་།
མ་ཟད་ང་རང་ཚོ་བོད་ཀྱི་རྩ་དོན་གྱི་ཆེད་ཚང་མ་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་དཀའ་ལས་རྒྱག་དགོས་པའི་བཀའ་སློབ་ཟབ་མོ་ཕེབས་ཡོད་པ་དེ་དག ང་ཚོ་མདོ་སྟོད་མི་རབས་གསར་པ་རྣམས་ཀྱིས་ཀྱང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་དམིགས་བསལ་འགན་ཁུར་ཐོག མེས་པོ་དམ་པ་ཚོའི་བྱས་རྗེས་རྣམས་བྱས་པ་རྗེས་མེད་དུ་མ་སོང་བ་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ས་གནས་ནེའུ་ཡོག་དང་ནིའུ་ཇར་སི་མདོ་ཁམས་ཆུ་བཞི་སྒང་དྲུག་དང་དེའི་ཁྱབ་ཁོངས་སུ་གཏོགས་པའི་མདོ་སྟོད་རྒྱ་ཆེ་མི་མང་ཡོངས་ནས་བོད་མི་རིགས་གཉན་འཕྲང་གི་སྐབས་འདི་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལམ་སྟོན་འོག་ཕྱར་གྲུ་མཉམ་འདེགས་ངེས་པར་དུ་ཞུ་དགོས་པའི་དུས་ལ་བབ་ཡོད་ཅིང་། རང་ཉིད་ཀྱི་ཐོབ་ཐང་རྩོད་པ་ལས་ལས་འགན་སྒྲུབ་རྒྱུ་གལ་ཆེ་བ་གཟིགས་རོགས་གནང་ཤེས་དྲན་སྐུལ་དང་འབོད་སྐུལ་ཡང་ལན་བརྒྱ་ཞུ་རྒྱུར།
ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་མདོ་སྟོད་ཆུ་སྒང་སྐབས་ལྔ་པའི་རྒྱུན་ལས་ཐུན་མོང་ནས།1hhd

2hhd 3hhd 4hhd 5hhd

Share this:
༦༤༩ ཀློག་གྲངས།