རྒྱ་ཤོད་དབུ་གཞུང་གྲོང་ཚོའི་འགོ་ཁྲིད་དམར་གསོད།

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༡༡ ཚེས་༢༡ ཉིན་ཁམས་འབྲི་རུ་གཡང་ཤོག་ཡུལ་ཚོའམ་(རྒྱ་ཤོད་སེན་ཚ་ཡུལ་ཚོའི་) ཁོངས། དབུ་གཞུང་གྲོང་སྡེའིི་འགོ་ཁྲིད་འབའ་ཆེན་རྒྱལ་བ་འམ་ངག་དབང་སྨོན་ལམ་ཟེར་བ རང་ལོ་༥༠ ཙམ་ཡིན་པ་ཁོང་ལ་རྒྱ་གཞུང་གིས་གཡང་ཤོག་ཡུལ་ཚོ་རྒྱ་ཡིས་དམར་གསོད་བཏང་འདུག

gyalwa
དབུས། འབའ་ཆེན་རྒྱལ་བ།

དེ་བཞིན་གྲོང་ཚོ་དེ་ནས་མི་མང་ལྔ་བཅུ་ཙམ་ཞིག་འཇུ་བཟུང་བྱས་ཏེ་གཡང་ཤོད་ཡུལ་ཚོར་བཀག་ཉར་བྱས་མཐར་འབྲི་རུ་རྫོང་དུ་ཁྲིད་ནས་བཙོན་ཁང་དུ་བཅུག་འདུག དེ་དག་ལས་མིང་ཤེས་པ་ཁག་ཅིག་ནི་དཔའ་དགའ་དང་། ནད་མེད། གྲོ་རིལ། བཀྲ་ཤིས་བཅས་རེད་འདུག  དོན་རྐྱེན་དེའི་གཞི་རྩའི་གནས་ལུགས་ཁ་གསལ་རག་ཐབས་མ་བྱུང་ཡང་ཡུལ་མི་དག་གི་ཚོད་དཔག་བྱས་པ་ལྟར་ན། དབུ་གཞུང་གྲོང་ཚོའི་འགོ་ཁྲིད་འབའ་ཆེན་རྒྱལ་བ་རྒྱ་ཤོད་པད་དཀར་དགོན་པའི་གྲྭ་ཟུར་ཞིག་ཡིན་པ་དང་། ཉེ་ཆར་རྒྱ་གཞུང་གིས་འབའ་ཆེན་རྒྱལ་བ་གྲོང་ཚོའི་འགོ་ཁྲིད་ལ་བཞག་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། རྒྱ་ཡི་འགོ་ཁྲིད་གསར་པ་ཞིག་ཀྱང་གྲོང་སྡེའི་འགོ་ཁྲིད་ལ་བསྐོ་རྒྱུ་བྱས་འདུག གནས་ཚུལ་དེ་དང་འབྲེལ་ནས་ཁོང་ལ་ཉེས་མེད་ཉེས་འཛུགས་འོག་དམར་གསོད་ཀྱི་དོན་རྐྱེན་དེ་བྱུང་ཡོད་འདུག དེར་བརྟེན་ཁོང་གི་རྒྱབ་ལ་ལངས་མཁན་མི་མང་རྣམས་གང་བྱུང་བཙོན་འཇུག་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། དེ་མིན་ཁོང་ལ་ཆབ་སྲིད་དང་འབྲེལ་བའི་ནག་ཉེས་གང་ཡང་སྟོན་རྒྱུ་མེད་པ་རེད་འདུག

སེན་ཚ་ཡུལ་ཚོའི་ནང་དུ་དམར་གསོད་དང་འཇུ་བཟུང་གི་དོན་རྐྱེན་བྱུང་ཕྲལ་སྤྱི་མང་ཡོངས་ལ་གནས་ཚུལ་ཕྱི་གྱར་མི་ཡོང་བ་བྱེད་དགོས་པའི་སྡིགས་ར་སྐུལ་བ་དང་། ས་ཕྱོགས་གཞན་ལ་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་བྱས་པ་དང་། ཡུལ་མི་རྣམས་ཀྱིས་གནས་ཚུལ་ཕྱི་ལ་མི་བསྒྲགས་རྒྱུའི་ས་རྟགས་དང་མཛུབ་ཐེལ་བཙན་གྱིས་རྒྱག་བཅུག་ཡོད་འདུག

སྤྱིར་བོད་རང་སྐྱོང་ལྗོངས་ཀྱི་ཁམས་ནག་ཆུའི་ཤར་ཕྱོགས་ཀྱི་རྫོང་གསུམ་སྟེ། སྦྲ་ཆེན་རྫོང་དང་། སོག་རྫོང། འབྲི་རུ་རྫོང་བཅས་གསུམ་ནི་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཡིན་པ་དང་། ལྷག་པར་འབྲི་རུ་རྫོང་ཁུལ་དང་སྒོས་སུ་རྒྱ་ཤོད་ཁུལ་ནི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེས་དམ་དྲག་ཆེ་ས་དང་ལོ་ཤས་གོང་ནས་ཆབ་སྲིད་ཀྱི་གནས་ཚུལ་བསྟུད་མར་བྱུང་རྐྱེན། མུ་མཐུད་བྱུང་བའི་དོགས་གཞིའི་འོག་ཁ་པར་སྐབས་མཚམས་དང་། དྲ་ལམ་རྩ་བཀག་བྱེད་པ་སོགས་ཀྱིས་ཕྱི་ཕྱོགས་ལ་འབྲེལ་ལམ་མང་པོ་བྱེད་མི་ཐུབ་པས། གནས་ཚུལ་ཁ་གསལ་རག་རྒྱུར་ཡང་དཀའ་ངལ་ཡོད་པ་རེད།

Untitled-1འབྲེལ་ཡོད་ཀྱིས་གནས་ཚུལ་བརྗོད་པ་ལྟར་ན། ཁོང་ནི་རང་མི་རིགས་ལ་ལ་རྒྱ་ཆེ་ཞིང་སྙིང་སྟོབས་ལྡན་པའི་གཤིས་བཟང་གཞུང་དྲང་ཅན་གྱི་མི་བུ་ཡིན་ཞིང་། ལོ་མང་རིང་དབུ་གཞུང་གྲོང་ཚོའི་འགོ་ཁྲིད་དུ་བསྐོ་བཞག་ཀྱིས་འགན་ཁུར་ཞུས་དང་ཞུ་མུས་ཡིན་འདུག མང་ཚོགས་ཀྱིས་ཁོང་ལ་གདེངས་འཇོག་བྱེད་ཀྱི་ཡོད་ནའང་། རྒྱ་གཞུང་གིས་ཁོང་ལ་རྒྱུན་གཏན་ནས་ལྟ་སྟངས་ཡག་པོ་མེད་པ་ཚང་མས་ཤེས་གསལ་ཡིན་འདུག ཁོང་གིས་རྒྱ་ཤོད་དབུ་གཞུང་གྲོང་ཚོ་དང་པད་དཀར་དགོན་པའི་ལས་དོན་ལ་ལྷག་བསམ་རྣམ་དག་གི་གྲོང་སྡེའི་ནང་ཆོས་དང་རིགས་གཞུང་དར་སྤེལ་དང་། གཞོན་སྐྱེས་ཀྱི་ཤེས་ཡོན་ཡར་རྒྱས། གྲོང་ཚོའི་དཔལ་འབྱོར་ཡར་རྒྱས། ནང་ཁུལ་མཐུན་སྒྲིལ་བཅས་ཀྱི་ཆེད་དུ་ལས་དོན་བྱས་ཡོད་འདུག

གྲོང་ཚོའི་ནས་སྤྱི་ཁང་རྒྱ་ཆེ་ཞིག་རྒྱབ་ཡོད་པ་དེར་སྐབས་མཚམས་གླུ་གར་སྦྱང་ས་དང་སྤྲོ་སྐྱིད་བཏང་ས། དེ་བཞིན་མི་མང་ཆེད་བླ་མ་དང་དགེ་ཤེས་ཚོའི་བཀའ་ཆོས་གོ་སྒྲིག་ཞུ་བ། ལོ་ལྟར་མང་ཚོགས་ཀྱིས་སྒྲོལ་མ་དང་མ་ཎི་དུང་སྒྲུབ་འཚོགས་ས་བཅས་ཀྱི་སླད་བསྐྲུན་ཡོད་འདུག གྲོང་སྡེའི་ནང་གཞོན་སྐྱེས་ལས་མེད་ཚོར་གཙོ་བོ་དམིགས་པའི་ཡིག་རྨོངས་སེལ་ཕྱིར་གྲོང་ཚོའི་སློབ་གྲྭ་ཞིག་བརྒྱབ་ཡོད་པ་དེའི་ནང་ཡིག་རྨོངས་བ་རྒན་གཞོན་དར་གསུམ་ལ་གྲོང་སྡེའི་ནང་གི་ཤེས་ཡོན་ཅན་དང་སློབ་གྲྭ་འགྲོ་མྱོང་མཁན་ཚོས་སློད་ཁྲིད་གནང་ནས་གཅིག་ཕན་གཅིག་གྲོགས་ཀྱི་ལམ་ལུགས་བཟོས་ཡོད་འདུག

གྲོང་ཚོའི་ནས་བོད་ཀྱི་ཟློས་གར་རུ་ཁག་ཆེ་འབྲིང་ཆུ་གསུམ་བཙུགས་ནས་དབུ་གཞུང་གྲོང་སྡེ་དང་པད་དཀར་དགོན་པའི་དབྱར་སྐྱིད་སྐབས་བོད་ཀྱི་རིགས་གཞུང་ཁྲབ་སྟོན་གནང་གི་ཡོད་འདུག དེ་བཞིན་གྲོང་སྡེའི་སྨན་ཁང་དང་ཚོང་ཁང་། སྣུམ་འཁོར་རྒྱ་ལམ་བཅས་འཛུགས་སྐྲུན་བྱས་ཡོད་འདུག རྣམ་ཀུན་སྤང་བླང་གི་སློབ་གསོ་སྤེལ་བ་མཚོན་ན། བོད་མི་ནང་ཁུལ་ནང་དམེ་སྤང་དུ་བཅུག་པ་དང་། གྲོང་ཚོའི་ཕོ་གཞོན་ཚོའི་བག་མེད་ལོངས་སྤྱོད་ཀྱི་རྒྱན་རྩེད་རིགས་དང་། ཆང་རག་དང་དུ་བ་སོགས་སྤང་དུ་བཅུག་པ། གྲོང་ཚོ་ནང་གཞོན་སྐྱེས་ལས་མེད་རིགས་ཀྱི་རྐུན་ཇག་སྤང་དུ་བཅུག་པ་སོགས་ཀྱི་སློབ་གསོ་ལ་མི་དམངས་གིས་བཀའ་གསུང་ཅི་སྒྲུབ་ཐོག་གཞོན་སྐྱེས་ཚོའི་འགྲོ་འདུག་སྤྱོད་གསུམ་དང་སྤྱི་ཡོངས་ནས་ལོ་ཤས་ནང་ཡར་རྒྱས་ཀྱི་འགྱུར་ལྡོག་བྱུང་བས་སྲིད་གཞུང་གི་མི་སྣ་དག་གི་མིག་ལམ་དུ་མ་སོང་བར་བརྟེན་དོན་རྐྱེན་བྱུང་བ་ཡིན་པའི་གནས་ཚུལ་འདུག །

གསར་འགོད་པ་ངག་དབང་ཐར་པ།

Share this:
༥༠ ཀློག་གྲངས།