སྟག་སྦྲང་མཉམ་གསོད་ཀྱི་ལས་འགུལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༠    ཕྱི་ལོ་ ༢༠༡༤/༡༢/༡༠
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་དབང་ཆ་ལག་ཏུ་ཐོག་མ་རག་སྐབས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང། འདས་པའི་ལོ་ཤས་རིང་དེའི་སྐོར་ལ་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགུལ་ཡང་རྒྱུན་མཐུད་དུ་སྤེལ་སོང། དཔྱད་བརྗོད་པ་མང་པོ་ཞིག་གི་གནད་དོན་དེ་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་གྱི་འགལ་ཟླ་ལ་བརྟེན་ནས་ཁ་གཏད་ཤོག་ཁག་མགོ་རྟིང་སློག་རྒྱུའི་དྲག་རླུང་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་དང། ཁག་ཅིག་གིས་འདི་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཆེན་པོ་ཞིག་ཏུ་འགྱུར་ངེས་ཡིན་ཚུལ་ཡང་བརྗོད་སོང། གང་ལྟར་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཀྲུའུ་ཡོང་ཁང་དང། རྒྱ་ནག་དབུས་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་(ཀྲུའུ་ཞི་)གཞོན་པ་ཟུར་པ་ཞུའུ་ཚེ་ཧའུ། དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གྲས་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་པ་པའོ་ཞི་ལེ་བཅས་དྲག་རླུང་འདིའི་ནང་ནས་ཐར་ཐུབ་མེད།

ལས་འགུལ་འདིའི་རྒྱབ་ལྗོངས་སུ་དབང་ཆའི་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་ཡོད་པ་སྨྲོས་མི་དགོས་ཀྱང། རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་དང་མི་འདྲ་བར་ལས་འགུལ་འདིས་སྤྱི་ཚོགས་ལ་ཕན་ཐོགས་ཀྱང་ཆེན་པོ་ཡོད་པ་མ་ཟད། དེ་བས་ཀྱང་དམའ་རིམ་སྤྱི་ཚོགས་ནང་ནས་ལས་དོན་ཆུང་ཙག་ཅིག་བསྒྲུབ་དགོས་ཀྱང་ལྟག་སྒོ་ཁོ་ན་བརྒྱུད་མི་དགོས་པར་འདྲ་མཉམ་གྱི་ཐོག་ནས་བསྒྲུབ་རྒྱུའི་རེ་བ་ཡང་རྒྱག་ཆོག་པ་ཞིག་རེད། ལས་འགུལ་དེའི་རྒྱབ་ལྗོངས་དང་རྒྱུ་མཚན་ཁ་ཚོན་བཅད་ནས་བཤད་མི་ཐུབ་ཀྱང། ངོ་བོའི་ཆ་ནས་མིག་དཔེར་འཛིན་དགོས་པའི་ལས་འགུལ་ཞིག་ཏུ་གྱུར་ཡོད་པ་དང། ལྐོག་ཟ་རུལ་སུངས་ཧ་ཅང་དར་ཁྱབ་ཆེ་བའི་རྒྱ་དཀར་ནག་གི་དཔོན་རིགས་ཁག་གི་ནང་འདི་ལྟ་བུའི་ལས་འགུལ་ཞིག་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། དེར་བརྟེན་ཐོག་མའི་རྒྱབ་ལྗོངས་དབང་ཆའི་འཐབ་རྩོད་ནས་འགོ་བཙུགས་པ་ཞིག་ཡིན་པའི་དབང་དུ་བཏང་ཡང། མཐའ་མ་སྤྱི་ཚོགས་ཁྱོན་ཡོངས་དང་འབྲེལ་ནས་མཇུག་བསྡོམས་བྱས་ན་ཕན་ཐོགས་ཡོད་ངེས་རེད།

ཞི་ཅིན་ཕེན་གྱིས་སྟག་དང་སྦྲང་མ་མཉམ་གསོད་ཀྱི་ལས་འགུལ་ཟེར་བ་འདིའི་ནང་དངོས་གནས་སྟག་རྒན་ཆེ་བ་ཁ་ཤས་འཛིན་བཟུང་བྱས་སོང་ལ། དཔེར་ན་ཀྲུའུ་ཡོང་ཁང་ནི་དམར་ཤོག་གི་དཔོན་རིགས་ཁྲོད་ནས་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་དང། ཅང་ཙེ་མིན་གྱི་གཉེན་ཚན་དུ་གྱུར་པའི་རྒྱབ་རྩ་ཆེ་བའི་མི་སྣ་ཞིག་ཀྱང་རེད། དེ་བཞིན་པའོ་ཞི་ལེ་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་བྱེད་སྐབས་རྒྱ་ནག་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་དང། ད་ལྟའི་སྲིད་འཛིན་གྱི་གོ་གནས་དེ་ཞི་ཅིན་ཕེན་གྱི་མ་ཡིན་པར་པའོ་ཞི་ལེ་ལ་འཆོར་སྲིད་པའི་ཚོད་དཔག་བྱེད་མཁན་ཡང་མང་པོ་བྱུང་ཡོད། རྒྱ་ནག་རྒྱལ་ཡོངས་དབུས་དམག་སྤྱི་(ཀྲུའུ་ཞི་)གཞོན་པ་ཟུར་པ་ཞུའུ་ཚེ་ཧའུ་ཡང་དེ་གཉིས་དང་འདྲ་བར་ནུས་ཤུགས་ཡོད་པའི་མི་སྣ་ཞིག་རེད། གནད་ཡོད་མི་སྣ་འདི་དག་ལ་ཁྲིམས་བཤེར་བྱེད་ཐུབ་པ་དེ་ནི་ཞི་ཅིན་ཕེན་བློ་སྤོབས་ཆེ་བས་རེད་ལ། སྟག་རྒན་ཆེན་པོ་འདི་དག་ཀྱང་ཐར་པར་མི་གཏོང་བ་ནི་ཞི་ཡི་ཤོག་ཁག་ལ་ནུས་ཤུགས་ཆེན་པོ་ཡོད་པའི་དཔང་རྟགས་ཕྱིར་མངོན་པ་ཞིག་ཀྱང་རེད།

དེང་སྐབས་རྒྱ་ནག་གི་ས་ཁུལ་ཁག་དང། བོད་ཡུལ་དུའང་གཞུང་གི་དཔོན་རིགས་ཚོས་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་འདུག་ཅེས་བརྗོད་མཁན་མང་པོ་འདུག་པས། སྟག་རྒན་རྣམས་ཐར་པར་མ་བཏང་བ་གཅིག་པུ་མ་ཡིན་པར་ས་གནས་གང་ས་ནས་སྟག་ཕྲུག་དང་སྦྲང་མ་མང་པོ་མཉམ་གཅིག་སྡེབ་གསོད་གཏོང་བཞིན་པ་འདི་ལ་བརྟེན་ནས། སྤྱི་ཚོགས་ཁྱོན་ཡོངས་ནས་ལྐོག་ཟ་རུལ་སུངས་ཉུང་དུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་ངེས་རེད། ཕྱོགས་གཅིག་ནས་ད་ལྟའི་སྟག་རྒན་དེ་ཚོ་ཡང་རྒྱབ་ལྗོངས་དང་རྒྱུད་འཛིན་པ་ཧ་ཅང་མང་པོ་ཡོད་པའི་དཔུང་ཁག་ཅིག་ཡིན་པས། ད་ལན་གྱི་ལས་འགུལ་འདི་ལ་བརྟེན་ནས་རྒྱ་ནག་ནང་དབང་ཆའི་འཐབ་རྩོད་ཀྱི་འཁྲུག་སློང་ཆེན་པོ་ཞིག་ཏུ་འགྱུར་སྲིད་པ་དང། ཁྱོད་ཤི་ང་གསོན་གྱི་གཡུལ་འཁྲུག་ཆེན་པོ་ཞིག་ཏུ་གྱུར་ནས། དམར་ཤོག་ཚོགས་པའི་ནུས་པ་དང་དབང་ཤུགས་ཉམས་གུད་དུ་འགྲོ་སྲིད་པ་དང། མི་མང་ཡར་ལངས་ཀྱི་ལས་འགུལ་ཆེན་པོ་ཞིག་བྱུང་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་འགྱུར་བ་ཆེན་པོ་འགྲོ་བའི་སྣ་འདྲེན་དུའང་འགྱུར་མི་སྲིད་པ་གཏན་ནས་མ་རེད།

མདོར་ན་ཞི་ཅིན་ཕེན་གྱིས་དཔལ་འབྱོར་གྱི་ཐོག་ནས་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནད་དོན་ཐག་གཅོད་ག་འདྲ་ཞིག་བྱས་ཀྱང། ཆབ་སྲིད་ཀྱི་ཐོག་ནས་བསྒྱུར་བཅོས་གཏོང་རྒྱུའི་འཆར་གཞི་དང་རེ་བ་གང་ཡང་ཕྱིར་མངོན་མེད་པ་མ་ཟད། ལྷག་པར་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཧུའུ་ཡི་སྐབས་ལས་སྡུག་ཏུ་མ་བཏང་ཡང། བཟང་དུ་གཏོང་རྒྱུའི་འཆར་གཞི་མེད་པའི་རྣམ་པ་གསལ་པོ་འདུག ཉེ་ཆར་ཡུ་གུར་མི་རིགས་ཡིན་པ་སློབ་དཔོན་ཆེན་མོ་ཡེ་ལི་ཧཱ་མུ་ཚེ་ལགས་སུ་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་བའི་རྒྱུ་མཚན་ལ་བརྟེན་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང། ཧོང་ཀོང་ནང་གི་ཞི་རྒོལ་ལ་ད་བར་བཟང་ཕྱོགས་ཀྱི་ཡ་ལན་གཏན་ནས་མ་བྱས་པ་དེ་གཉིས་ནི། ཞི་ཅིན་ཕེན་གྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་རྣམ་འགྱུར་དང། ཆབ་སྲིད་ཀྱི་ཐོག་ནས་བཅོས་བསྒྱུར་གཏོང་རྒྱུའི་ཁ་ཕྱོགས་དང་རེ་བ་ཅི་ཙམ་ཡོད་མེད་དེ་ཕྱོགས་ཡོངས་ནས་གསལ་སྟོན་བྱས་འདུག་པས། ཆབ་སྲིད་ཀྱི་ཐོག་ནས་རུལ་སུངས་པ་ཞིག་འཚོལ་དགོས་ན་ཁོ་རང་ཨང་དང་པོར་འཇོག་དགོས་པ་ལྟ་བུར་གྱུར་འདུག།།

Share this:
༡༡༢ ཀློག་གྲངས།