གྲྭ་བཙུན་བརྒྱ་དང་བཞི་བཅུ་ལྷག་ཕྱིར་འབུད།

ཟླ་༡༢ པའི་ཚེས་༡༢ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ད་ལོའི་ཕྱི་ཟླ་༡༠ པ་ནས་ད་བར་ཁམས་འབྲི་རུ་རྫོང་། རྒྱ་ཤོད་པད་དཀར་དགོན་པའི་གྲྭ་བ་བཞི་བཅུ་ལྷག་ཙམ་དང་། རྒྱ་ཤོད་ཡ་ང་བྱ་མདའ་བཙུན་དགོན་བྱ་མདའ་དགོན་ནས་བཙུན་མ་བརྒྱ་ལྷག་ཙམ་ཕྱིར་ཕུད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ད་དུང་ས་ཕྱོགས་གང་ས་ནས་བྱ་མདའ་བཙུན་དགོན་དུ་སློབ་གཉེར་ཆེད་དུ་ཆེད་ཡོང་བ་རྣམས་རང་གནས་སུ་ལོག་དགོས་པའི་བཙན་བཀའ་བཏང་ནས་ཕྱིར་འབུད་དང་། མདོ་སྟོད་སྨད་ཁུལ་དུ་འབྲི་རུ་དང་རྒྱ་ཤོད་ཁུལ་ནས་སློབ་གཉེར་འགྲོ་མཁན་གྲྭ་བཙུན་མང་པོ་ཡོད་པ་ཚང་མ་ཕྱིར་རང་ཡུལ་ལ་ཕྲལ་དུ་ལོག་དགོས་པའི་འབྲེལ་ཡོད་ནང་མི་དང་དགོན་པའི་འགན་འཛིན་བཅས་ལ་བཙན་བཀའ་བཏང་བ་དང་། གལ་སྲིད་རང་གནས་སུ་མ་སླེབས་ན་ཕ་ཡུལ་ནས་ཐེམ་ཐོ་མེད་པ་བཟོ་རྒྱུའི་བཀའ་ཁྱབ་བརྒྱུད་བསྒྲགས་ཤུགས་ཆེར་བྱས་འདུག།

Untitled-2
རྒྱ་ཤོད་པད་དཀར་དགོན་པ།

དེར་བརྟེན་ས་ཕྱོགས་གཞན་དུ་སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་མང་པོ་ཞིག་གིས་མི་འདོད་བཞིན་དུ་སྐབས་བབ་ཀྱི་སློབ་གཉེར་བློས་བཏང་བྱས་ཏེ་ཕ་ཡུལ་ལ་ལོག་དགོས་བྱུང་བ་དང་། དགོན་པ་དེ་དག་གི་ནང་དུ་དེང་སང་གྲྭ་བཙུན་རྣམས་བསམ་བློའི་སློབ་གསོ་གསར་པ་སྤྲད་དགོས་ཟེར་ནས་ཉིན་ལྟར་སུན་གཙེར་ཚད་མེད་བཟོ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་རྒྱག་བཞིན་པ་རེད་འདུག དེང་སྐབས་ནག་ཆུ་ས་ཁུལ་དང་ཆབ་མདོ་ས་ཁུལ་བཅས་སུ་གྲྭ་བཙུན་ཐད་སྔར་ལས་ལྷག་པའི་དམ་དྲག་གི་ལས་གཞི་ཞིག་འགྲོ་བཞིན་འདུག

དེ་བཞིན་གནས་ཚུལ་གཞན་ཞིག་ལ་ད་སྐབས་འབྲི་རུ་རྫོང་གི་འགོ་ཁྲིད་དྲེང་འགང་ཧྲུའུ་ཅི་ཟེར་བ་ཞིག་ཡོད་འདུག་དེས་ཁྲིམས་ངན་དོན་ཚན་ལྔ་བཅུ་ང་དགུ་ལྷག་རྫོང་ས་ཁུལ་ཁག་དུ་ལག་བསྟར་གྱིས་སེར་སྐྱ་མི་མང་ལ་དོན་མེད་ཉེས་འཛུགས་ཀྱིས་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་གིན་ཡོད་འདུག

ཉེ་ལམ་སྐྱ་སེར་སུམ་རྒྱ་ལྷག་འབྲི་རུ་རྩམ་མདོ་མ་ཟེར་བའི་ས་ཚུགས་དེ་ན་རྒྱ་དམག་གིས་རྡུང་རྡེག་ཚད་ལས་འདས་པ་བཏང་པ་དང། མི་དེ་དག་ས་དོང་ཆེན་པོ་ཞིག་གི་ཁ་ནས་མཆོང་དུ་བཅུག་པ་མ་ཟད་ལོ་རྒས་པ་རྣམས་མཆོང་མ་ཐུབ་པ་བརྟེན་རྡུང་རྡེག་མནར་གཅོད་ཚད་ལས་འདས་པ་བྱས་སོང་ཟེར།

བོད་མི་དེ་ཚོས་“མི་ང་ཚོའི་མྱོང་བ་ནང་བཞིན་བོད་མི་གཞན་ཚོས་མི་མྱོང་བར་ཤོག་ཟེར་ནས་སྨོན་ལམ་བཏབ་པ་དང་། ང་ཚོ་མི་ལུས་མ་རེད་ཟེར་ནས་སྡུག་སྐད་ཀྱང་ཤོར་དགོས་བྱུང་ཡོད་འདུག” ལ་གནས་ཚུལ་གསུང་མཁན་གྱིས་ཞུ་དོན་ལ་འབྲི་རུ་རྫོང་གི་འགོ་ཁྲིད་དྲེང་འགང་ཧྲུའུ་ཅིའི་ལས་འགུལ་དེ་མཚམས་འཇོག་ཡོང་པའི་ཆེད་དུ་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་དང་ཐབས་ཤེས་འདྲ་གཏོང་ཡ་ཡོད་ན་མགྱོགས་མྱུར་ངང་གཏོང་རོགས་མ་གཏོགས་གནས་འདི་ན་མ་ཤི་དམྱལ་བའི་སྡུག་བསྔལ་མྱོང་བཞིན་འདུག་ཅེས་འབོད་སྐུལ་ཞུ་བཞིན་འདུག །

གསར་འགོད་པ་ངག་དབང་ཐར་པ།

Share this:
༩༦ ཀློག་གྲངས།