ཐའེ་ཝན་གྱི་འོས་བསྡུ་དེས་རྒྱ་ནག་མགོ་འཐོམས་པ་བཟོས་ཡོད་རེད།

ཕྱི་ལོ་༢༠༡༤ ལོར་ཐའེ་ཝན་གྱི་འོས་བསྡུའི་གནས་སྟངས་དང་དེའི་ཤུགས་རྐྱེན་དང་འབྲེལ་བའི་སྐོར་ལ་ཐའེ་ཝན་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལ་བཅར་འདྲི།
དྲི་བ། ཐེངས་འདིའི་ཐའེ་ཝན་གྱི་འོས་བསྡུ་དེའི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
u0-weu-d4-7ffe9af8c7c345f682fpgལན། ད་རེས་ཐའེ་ཝན་གྱི་འོས་བསྡུ་དེ་ལོ་རྒྱུས་ཐོག་གཞི་རྒྱ་ཆེ་ཤོས་ཆགས་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། གྲོང་ཁྱེར་དང་། ས་གནས་རྫོང་གི་སྤྱི་ཁྱབ་ཚང་མ་འོས་བསྡུ་བྱས་ཡོད་རེད།  དེའི་ནང་ཐའེ་ཝན་ནང་གི་གྲོང་ཁྱེར་ཆེ་ཤོས་བཞི་ཟེར་གྱི་ཡོད་རེད། མངའ་སྡེ་ཟེར་བ་མེད་ཙང་གྲོང་ཁྱེར་ཆེ་ཤོས་བཞི་དེའི་གཉིས་སྔ་མོ་ནས་གོ་མིན་ཏང་དང་།  གཉིས་དེ་མང་གཙོ་ཡར་ཐོན་ཚོགས་པ་རེད། བཞི་དེའི་ནང་མི་འབོར་གྱི་བརྒྱ་ཆ་ཕལ་ཆེར་བཞི་བཅུ་ཟིན་ཡོད་པ་དེར་འོས་བླུགས་ཡོད་རེད།
དེ་བཞིན་རྫོང་ཁག་ཚང་མ་འོས་བསྡུ་བྱས་ཡོད་རེད། རྫོང་གི་གྲོས་ཚོགས་ཀྱི་འཐུས་མི་དང་། གྲོང་ཁྱེར་ཁག་གི་གྲོས་ཚོགས་འཐུས་མི། ས་གནས་གྲོང་ཚོ་ཁག་གི་འགན་འཛིན་དེ་ཚོ་ཚང་མ་འོས་བླུགས་ཡོད་རེད། འོས་བླུགས་ནས་འོས་མི་ཁྲི་གཅིག་ལྷག་འདེམས་ཀྱི་ཡོད་རེད། ས་གནས་ཀྱི་ས་ཆ་ཆུང་ཆུང་ཁག་གི་དཔོན་པོ་ཆགས་ན། མ་འོངས་པར་འོས་ཤོག་འཕེན་པར་ཚོགས་པ་ལ་ཕན་གྱི་ཡོད་རེད། སྔོན་མ་༢༠༠༨ ལོར་ཐོག་མ་མ་ཡིན་ཅཱང་འོས་ཐོབ་ཡོང་དུས་གོ་མིན་ཏང་མཐོང་ཆེན་པོ་ཆགས་ཡོད་རེད། མང་གཙོ་ཡར་ཐོན་ཚོགས་པའི་ཁྲེན་ཧྲི་པན་གྱིས་པད་ཤག་མང་པོ་ཟོས་རེད་ཟེར་ནས། ཁོ་བཙོན་ཁང་ནང་བཅུག་སྟེ་མང་གཙོ་ཡར་ཐོན་ཚོགས་པར་ཉམས་ཆག་ཕྱིན་པ་རེད།
དེང་སྐབས་རྫོང་དང་གྲོང་ཁྱེར་ཁག་བཅོ་ལྔ་ཙམ་གོ་མིན་ཏང་རེད། ད་རེས་འོས་ཤོག་འཕེན་དུས་ཏོག་ཙམ་ཕམ་གྱི་རེད་ཟེར་བ་མ་གཏོགས། ཕམ་ཁ་ཆེན་པོ་རག་རྒྱུར་བསམ་བློ་བཏང་ཡོད་མ་རེད། འོན་ཀྱང་ནམ་རྒྱུན་གོ་མིན་ཏང་ལ་རྒྱབ་སྐྱོར་ཡོད་པའི་གྲོང་ཁྱེར་ཁག་དང་། ལོ་རྒྱུས་ཐོག་གོ་མིན་ཏང་རྐྱང་པ་འོས་ཐོབ་སའི་ས་ཆ་དེ་ཚོ་ཚང་མ་མང་གཙོ་ཡར་ཐོན་ཚོགས་པར་འོས་ཐོབ་ཡོད་རེད།
ད་རེས་ཀྱི་འོས་ཤོག་དེས་ཐའེ་ཝན་ནང་ཧ་ལས་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་རེད། ལྷག་པར་དུ་མ་འོངས་པར་ཐའེ་ཝན་དེ་གང་དུ་འགྲོ་ཟེར་བ་དང་། ༢༠༡༦ གི་སྲིད་འཛིན་འོས་ཤོག་དང་རྒྱལ་ཁབ་གནས་རིམ་གྱི་གྲོས་ཚོགས་ཀྱི་འོས་ཤོག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད་ལ། མ་ཟད་དེ་བརྒྱུད་ནས་མུ་མཐུད་དུ་ཐའེ་ཝན་གྱི་མ་འོངས་པའི་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་གྱི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བསྡད་ཀྱི་ཡོད་རེད།
ད་རེས་ཐའེ་པེ་གྲོང་ཁྱེར་ནང་གོ་མིན་ཏང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཤུགས་ཞེ་དྲག་བརྒྱབ་པ་རེད། ཁ་གཏད་དེ་སྲིད་དོན་ཚོགས་པ་གཅིག་ཀྱང་མེད་པ་ཞིག་རེད། སྲིད་དོན་ཚོགས་པ་མེད་པ་དེ་ལ་ཐོབ་པ་རེད། རྒྱབ་རྩ་ཡོད་མ་རེད། དཔེ་ཤག་ཡོད་མ་རེད། ཐ་ན་བརྙན་འཕྲིན་ནང་ཁྱབ་བསྒྲགས་དེ་ཚོ་ཉུང་ཉུང་རེད། གོ་མིན་ཏང་གིས་གང་སར་ཁྱབ་བསྒྲགས་བྱས་ཡོད་རེད། གང་ལྟར་ད་རེས་ཀྱི་འོས་བསྡུ་དེས་གོ་མིན་ཏང་ལ་ཉམས་ཆག་དང་ཕམ་ཁ་ཆེན་པོ་སྤྲད་པ་རེད།

དྲི་བ། ཐེངས་འདིའི་འོས་བསྡུའི་ཁྲོད་གོ་མིན་ཏང་དེ་ལྟར་ཕམ་དགོས་དོན་རྒྱུ་མཚན་ག་རེ་ཡོད་རེད།
ལན། དེ་ལ་རྒྱུ་མཚན་མང་པོ་ཞིག་ཡོད་རེད་བསམ་གྱི་ཡོད། མ་ཡིན་ཅཱང་ཁོ་རང་གིས་འོས་བསྡུའི་སྐབས་ཁས་ལེན་མང་པོ་ཞིག་བྱས་ཡོད་རེད། དེ་ཚོ་མང་ཆེ་བ་ཕལ་ཆེར་འགྲུབ་ཡོད་མ་རེད། གཙོ་ཆེ་ཤོས་གཅིག་དེ་ཁོ་རང་སྲིད་འཛིན་སྐབས་ལས་ཀ་བྱེད་སྟངས་ཐོག་ནས་འགྲིག་ཡོད་མ་རེད་བསམ་གྱི་ཡོད། ཁོ་རང་སྲིད་འཛིན་ཐོབ་རྗེས་གོ་མིན་ཏང་ནང་ཁུལ་ལ་དབང་ཆ་སྤྲོད་སྟངས་དང་། ལས་ཀ་བགོ་སྟངས་སོགས་ཀྱི་ཐོག་ནས་འགྲིག་ཡོད་མ་རེད། གོ་མིན་ཏང་ལ་ཤོག་ཁག་མང་པོ་ཡོད་རེད། ཤོག་ཁག་ཚང་མར་ཆ་མཉམ་གྱི་བསམ་བློ་གཏོང་མ་ཐུབ་པར་ཁོ་རང་གི་ཕྱོགས་གཏོགས་ཚང་མ་མཁས་པ་རྐྱང་རྐྱང་བསྡུས་པ་རེད། མཁས་པ་ཟེར་བ་དེ་བཤད་མཁས་པ་རེད། འོན་ཀྱང་ལས་ཀ་བྱེད་སྐབས་ནུས་པ་མེད་པ་དང་འཇོན་པོ་མེད་པ་དེ་འདྲ་ཡོང་གི་རེད། དེ་བཞིན་མཁས་པ་དེ་ཚོའི་རྒྱབ་ལ་ཤོག་ཁག་དེ་འདྲ་ཡོད་མ་རེད། དེར་བརྟེན་ཁོང་གིས་གོ་མིན་ཏང་རུག་རུག་བཟོ་ཐུབ་ཡོད་མ་རེད། བར་ལམ་ནས་གསར་ལམ་ཁག་གི་ནང་མ་ཡིན་ཅཱང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་པ་རེད། ཡིན་ན་ཡང་ཁོང་གི་རྒྱབ་རྩར་ལངས་ཏེ་སྐྱོན་བརྗོད་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། དེ་ཁོང་གིས་སོ་སོའི་ཤོག་ཁག་མཐུན་པོ་བཟོ་ཐུབ་མེད་པས་རེད། ཁོ་ཚོ་མཁས་པ་རྐྱང་རྐྱང་མཉམ་དུ་བསྡད་བསྡད་ཡོད་རེད། གཉིས་པ་དེ། ཐའེ་ཝན་ནང་གནས་ཚུལ་མང་པོ་ཞིག་བྱུང་ཡོད་རེད། དཔེར་ན། རྡུལ་ཕྲན་གྱི་གློག་ཁང་དང་། ཤེས་རིག་སྐོར་གྱི་སྲིད་ཇུས། ཟས་རིགས་སོགས་མི་མང་གི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་མང་པོ་བྱུང་པ་རེད།  ཁོང་གིས་དཀའ་ངལ་དེ་དག་སེལ་ཆེད་རྒྱ་ནག་དང་མཉམ་དུ་འབྲེལ་བ་བྱས་པ་རེད་ལ། རྒྱ་ནག་གིས་ཞེ་དྲག་ཅིག་བྱེད་ཀྱི་ཡོད་མདོག་བྱས་པ་རེད། འོན་ཀྱང་རྒྱ་ནག་གིས་ཐའེ་ཝན་ལ་དཔལ་འབྱོར་གྱི་ཕན་ཐོགས་ཡོད་མེད་གང་ཡིན་རུང་མི་མང་ལ་ཕན་ཐོགས་ཡོད་མ་རེད། ཚོང་པ་ཆེན་པོ་དང་བཟོ་གྲྭ་ཁག་གིས་ཁེ་བཟང་དེ་ཟོས་ཡོད་རེད། གནད་དོན་དེ་ཚོར་བརྟེན་ནས་སློབ་ཕྲུག་གིས་ལས་འགུལ་སྤེལ་བ་རེད་ལ། དེ་བཞིན་གཞོན་སྐྱེས་ཚོར་ཐའེ་ཝན་དེ་རྒྱ་ནག་ནང་བཞིན་ཆགས་ས་རེད་བསམ་ནས་སེམས་འཚབ་ཡོང་གི་ཡོད་རེད། གནད་དོན་དེ་ཚོའི་ཐོག་ནས་ཁོང་ཕམ་ཉེས་སོང་བ་རེད་བསམ་གྱི་ཡོད།

དྲི་བ། ད་རེས་ཐའེ་ཝན་མང་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེར་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་དེས་ཤུགས་རྐྱེན་ཐེབས་ཡོད་དམ།
ལན། ཤུགས་རྐྱེན་ཞེ་དྲག་ཐེབས་ཡོད་རེད། དེ་ཡང་ཤུགས་རྐྱེན་གཙོ་ཆེ་ཤོས་དེ། ཧོང་ཀོང་མི་མང་ག་རེ་བྱས་ནས་རྒྱ་ནག་ལ་མ་དགའ་བ་རེད། རྒྱ་ནག་གིས་ག་རེ་བྱས་ནས་ཧོང་ཀོང་ལ་དཀའ་ངལ་སྤྲད་ཀྱི་འདུག རྒྱ་ནག་གིས་ཧོང་ཀོང་ལ་ཁེ་བཟང་སྤྲད་ཡོད་པའི་ཁུལ་རེད། ཡིན་ན་ཡང་ཁེ་བཟང་རག་མཁན་དེ་ཚོ་རྒྱ་ནག་ལ་སྤྲེལ་ལད་འཁྲབ་མཁན་དང་། འབྲེལ་བ་བྱེད་ཐུབ་མཁན་དེ་ཚོ་རེད། ཧོང་ཀོང་ནང་གི་ཕྱུག་བདག་ཚོ་མ་གཏོགས་མི་མང་གི་འཚོ་བའི་གནས་སྟངས་སྐྱོ་རུ་སོང་ཡོད་རེད། སྔོན་མ་ཧོང་ཀོང་དེ་ཆབ་སྲིད་དང་རིག་གཞུང་མེད་པར་ཚོང་རང་གི་གྲོང་ཁྱེར་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་དེང་སང་ཆབ་སྲིད་དང་འབྲེལ་བ་ཡོང་དགོས་དོན་དེ། ཆབ་སྲིད་ཀྱི་ཐོབ་ཐང་མེད་པ་ཡིན་ན། ཚོང་དང་སོ་སོའི་ཁེ་ཕན་སྲུང་སྐྱོབ་ཐུབ་ཀྱི་མེད་པ་དེ་ཧོང་ཀོང་མི་མང་གིས་ཤེས་ཡོད་རེད། དེར་བརྟེན་ཁོང་ཚོས་མང་གཙོ་རྩོད་ཀྱི་ཡོད་རེད། དེའི་དམིགས་ཡུལ་གཙོ་བོ་རྒྱ་ནག་འགོག་ཆེད་དུ་རེད། སྔོན་མ་མང་གཙོ་ཡོད་མ་རེད། འོན་ཀྱང་བསྡད་ཡོད་རེད། དེང་སང་ཁོང་ཚོས་མང་གཙོ་ཞེ་དྲག་རྩོད་ཀྱི་ཡོད་པ་དེ་མང་གཙོའི་ལྟ་བ་ཆེན་པོ་ཡོད་པས་མ་རེད། རྒྱ་ནག་གིས་ཧོང་ཀོང་ལ་སྟངས་འཛིན་ཡོད་པ་དེ་བཀག་ནས། སོ་སོའི་མ་འོངས་པའི་མདུན་ལམ་དང་ཁེ་ཕན་སྲུང་སྐྱོབ་ཆེད་དུ་རེད། དེ་བཞིན་ཐའེ་ཝན་གྱི་གཞོན་སྐྱེས་ཚོར། རྒྱ་ནག་གི་ཤུགས་རྐྱེན་སླེབས་པ་དང་། མ་འོངས་པར་ཐའེ་ཝན་དེ་རྒྱ་ནག་གིས་བཙན་བཟུང་བྱེད་འགྲོ་ས་རེད་བསམ་པའི་ཚོར་བ་དེ་ཤུགས་ཆེན་པོ་ཡོད་རེད།

དྲི་བ། ཧོང་ཀོང་གི་ལས་འགུལ་གྱིས་ཐའེ་ཝན་གྱི་འོས་བསྡུར་ཤུགས་རྐྱེན་ཐེབས་པ་ལྟར། མ་འོངས་པར་གནད་དོན་དེ་ཚོའི་ཐོག་ནས་བོད་མིའི་རྩ་དོན་རྩོད་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཀྱི་རེད་བསམ་གྱི་ཡོད་དམ།
ལན། དེ་ཚོའི་ཐོག་ནས་ཤུགས་རྐྱེན་ཏན་ཏན་སླེབས་ཀྱི་རེད། དཔེར་ན། ཧོང་ཀོང་ནང་སྔོན་མ་དེ་འདྲ་ཡོད་མ་རེད། ཡིན་ན་ཡང་ལོ་གཉིས་ཙམ་གྱི་སྔོན་ནས་ཧོང་ཀོང་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་། དེ་བཞིན་ཚོགས་པ་ཁག་མང་པོ་ཞིག་གིས་ལས་འགུལ་སྤེལ་གྱི་ཡོད་རེད། ཁོང་ཚོའི་ལས་འགུལ་སྐབས་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་ཡོང་ནས་བཀའ་འགོག་བྱེད་ཀྱི་ཡོད་རེད། འོན་ཀྱང་ད་དུང་ཧོང་ཀོང་ནང་བོད་དོན་འགྲེམས་སྟོན་དེ་ཚོ་ཤུགས་ཆེན་པོ་ཡོང་གི་ཡོད་རེད། དེའི་རྒྱུ་མཚན་དེ་ཧོང་ཀོང་གི་མི་ཚོས་ཧོང་ཀོང་དང་བོད་པའི་གནས་སྟངས་ཤེས་ཏེ་བོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། དེ་བཞིན་ཐའེ་ཝན་མི་མང་ཡང་གཅིག་པ་རེད། སྔོན་མ་ཡིན་ན་ལས་འགུལ་སྐབས་ལོ་རྒན་པ་མང་བ་ཡོད་རེད། ཡིན་ན་ཡང་དེང་སང་ཧོང་ཀོང་དང་ཐའེ་ཝན་ནང་གཞོན་སྐྱེས་ཚོས་ཆབ་སྲིད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་རེད་ལ། ལས་འགུལ་སྐབས་མཉམ་ཞུགས་བྱེད་མཁན་ཚོ་ན་གཞོན་རྐྱང་རྐྱང་རེད།  བོད་དང་། ཧོང་ཀོང་། ཐའེ་ཝན་ཚོས་ཕན་ཚུན་ལ་དཔེ་བལྟས་ཏེ་སོ་སོའི་རྩ་དོན་རྩོད་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཀྱི་རེད་བསམ་གྱི་ཡོད། དེང་སང་ཧོང་ཀོང་གི་དུས་དེབ་དེ་འདྲའི་ནང་བོད་དང་། ཤིན་ཅང་། ཧོང་ཀོང་བཅས་རྡོག་རྩ་གཅིག་སྒྲིལ་དགོས་པའི་རྩོམ་ཡིག་མང་པོ་སླེབས་སོང་། དེར་བརྟེན་མ་འོངས་པར་དེ་ཚོའི་ཐོག་ནས་ཤུགས་རྐྱེན་དང་ནུས་པ་ཏན་ཏན་ཐོན་གྱི་རེད་བསམ་གྱི་ཡོད།

དྲི་བ། ༢༠༡༦ ལོར་ཐའེ་ཝན་གྱི་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པར་བརྟེན། སྐབས་དེར་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་རྒྱུའི་རེ་བ་དང་ཡིད་ཆེས་ག་ཚོད་ཅིག་ཡོད་རེད།
ལན། གལ་སྲིད་སང་ཉིན་འོས་ཤོག་འཕེན་རྒྱུ་ཡིན་ན། མང་ཚོགས་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་པ་དེ་བརྒྱ་ཆ་བརྒྱ་རེད། དེ་ཚོད་ཐིག་ཐུབ་པ་ཞིག་རེད། ༢༠༡༦ ལོར་ད་དུང་ལོ་གཅིག་དང་ཕྱེད་མིན་ཙམ་ཡོད་རེད། དུས་ཡུན་དེའི་ནང་གོ་མིན་ཏང་གཞུང་གིས་ལངས་ཕྱོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་དང་། ལེགས་བཅོས་ཆེན་པོ་ཞིག་བཏང་བ་ཡིན་ན་མི་མང་གི་བསམ་བློར་འགྱུར་བ་འགྲོ་མི་སྲིད་པ་མ་རེད།  ཡིན་ན་ཡང་གོ་མིན་ཏང་ལ་འགྱུར་བ་གང་ཡང་མེད་པར་མུ་མཐུད་དུ་ད་ལྟ་ནང་བཞིན་གནས་པ་ཡིན་ན། ཕལ་ཆེར་ཁོང་ཚོར་རྒྱལ་ཁ་ཐོབ་ཁག་པོ་རེད་བསམ་གྱི་ཡོད། ད་རེས་ཀྱི་གནས་སྟངས་ལ་དཔག་ན་མང་གཙོ་ཚོགས་པར་ཕལ་ཆེར་རྒྱལ་ཁ་ཐོབ་ངེས་རེད་ཅེས་བཤད་ཆོག་པ་ཞིག་རེད།

དྲི་བ། ཐའེ་ཝན་གྱི་ད་རེས་འོས་བསྡུ་དེས་རྒྱ་ནག་ལ་བརྡ་ག་འདྲ་ཞིག་བཏང་པ་རེད་ལ། དེ་བཞིན་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དོ་ཕོག་སོང་ཡོད་རེད་དམ།
ལན། འོས་བསྡུ་དེས་རྒྱ་ནག་མགོ་འཐོམས་པ་བཟོས་ཡོད་རེད། ནམ་རྒྱུན་ཡིན་ན་ཐའེ་ཝན་ནང་འོས་ཤོག་འཕེན་སྐབས། རྒྱ་ནག་གིས་དཔྱད་རྩོམ་དེ་ཚོ་གྲ་སྒྲིག་བྱས་ནས་བསྡད་ཡོད་རེད། དཔྱད་རྩོམ་དེ་ཚོ་བང་བསྒྲིགས་ནས་གྲ་སྒྲིག་བྱེད་ཀྱི་ཡོད་རེད། རྒྱ་ནག་གིས་གནས་ཚུལ་གང་ཞིག་བྱུང་སྐབས་གང་སར་སྤེལ་ཏེ། མི་མང་གི་བསམ་བློ་འགུག་ཐབས་བྱེད་ཀྱི་ཡོད་རེད།  འོན་ཀྱང་ད་རེས་ཐའེ་ཝན་གྱི་འོས་ཤོག་བླུགས་རྗེས། རྒྱ་ནག་ལ་དེ་དང་འབྲེལ་བའི་དཔྱད་རྩོམ་ཡོད་མ་རེད། རྒྱ་ནག་གཞུང་གི་བརྒྱུད་ལམ་ཞིག་ཏུ། ཐའེ་ཝན་ས་གནས་ཀྱི་འོས་ཤོག་ལ་རྒྱ་ནག་མི་མང་དོ་སྣང་མི་འདུག་ཟེར་བའི་སྐད་ཆ་ཞིག་ཡོད་རེད་མ་གཏོགས་དཔྱད་རྩོམ་གཅིག་ཀྱང་ཡོད་མ་རེད། དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། རྒྱ་ནག་རྦད་དེ་འཐོམས་བཅུག་པ་རེད། དེར་བརྟེན་གནད་དོན་དེའི་ཐོག་ནས་རྒྱ་ནག་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་རེད་ལ། དེ་བཞིན་ཁོང་ཚོས་ཐའེ་ཝན་དེ་ལས་སླ་པོས་བཙན་གནོན་ཐུབ་ཀྱི་མེད་པ་དེ་ར་འཕྲོད་པ་རེད། རྒྱ་ནག་གིས་མུ་མཐུད་དུ་ཐབས་ཇུས་འདྲ་མིན་བཏང་སྟེ་གཡོ་སྒྱུ་འཁྲབ་བསྡད་ན། ཐའེ་ཝན་དང་རྒྱ་ནག་གི་འབྲེལ་བ་ཐག་རིང་དུ་འགྲོ་ཡི་རེད། དེ་མིན་པར་ཁྲིམས་དང་མཐུན་པར་དེང་རབས་ཀྱི་རྒྱལ་ཁབ་ཅིག་གི་ལམ་ལུགས་ཐོག་ནས། ཐའེ་ཝན་དང་ཧོང་ཀོང་སུ་ཡིན་རུང་དགའ་ཡི་མེད་རུང་ཞེད་སྣང་མེད་པ་ཞིག་བཟོ་ཐུབ་ན། ཐའེ་ཝན་དང་རྒྱ་ནག་གི་འབྲེལ་བ་བཟང་དུ་འགྲོ་བའི་རེ་བ་ཡོད་རེད།
བཅར་འདྲི་ཞུ་མཁན་ངག་དབང་ཐར་པ།

Share this:
༢༢༡ ཀློག་གྲངས།