བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་ཟབ་ཁྲིད་མཇུག་བསྡོམས།

རྒྱ་གར་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭའི་ཚོགས་ཁང་དུ། ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་འོག ཕྱི་ཟླ་ ༧ ཚེས་ ༡ ནས་ཚུགས་པའི་དེང་དུས་མཐོ་སློབ་ཐོན་པའི་སློབ་མ་རྣམས་ཀྱི་ཟླ་དྲུག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་སྐབས་དང་པོ་མཇུག་བསྡུས་ཡོད་པ་རེད།

unnamedདེ་ཡང་ཕྱི་ཟླ་༡༢ ཚེས་༡༧ ཉིན་མཇུག་བསྡོམས་མཛད་སྒོའི་ཐོག་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་ དབུ་བཞུགས་ཐོག རྒྱུད་སྨད་མཁན་རིན་པོ་ཆེ་དང་། ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། ཆོས་རིག་སྐུ་ཚབ་ཟུང་དྲུང་ཐུབ་བསྟན་ཚེ་རིང་། རབ་གླིང་ས་གནས་འགོ་འཛིན་སོགས་ཕེབས་སྟེ། མཐའ་མའི་རྒྱུགས་སྤྲོད་ནང་རྩེར་སོན་སློབ་མ་དྲུག་ལ་དམིགས་བསལ་ཕྱག་རྟགས་དང་། སློབ་མཐར་སོན་པའི་ལག་ཁྱེར་གནང་ཡོད་པ་རེད།

དེ་རྗེས་ཟབ་ཁྲིད་སློབ་མ་ཁག་ཅིག་ནས་རྟགས་གསལ་གཟིགས་འབུལ་དང་། རབ་གླིང་ཉིན་སློབ་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་སོགས་བགྱིས་ཏེ་མཛད་སྒོ་གྲུབ་ཡོད་པ་རེད།

IMG_9239ཟབ་ཁྲིད་འདི་ནི་ཆོས་རིག་ལས་ཁུངས་ཀྱི་༢༠༡༤ ལོར་ལག་ལེན་འགེལ་རྒྱུའི་གསར་གཏོད་ལས་འཆར་གལ་ཆེའི་ཁོངས་ནས་གཅིག་ཡིན་ཞིང་། གཙོ་བོར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཕེལ་དང་། ཡང་སྒོས་༸གོང་ས་མཆོག་གི་བཞེད་དགོངས་ལྟར་བོད་རིགས་ན་གཞོན་རྣམས་ཀྱིས་རང་རེའི་གྲྭ་བཙུན་རྣམས་དང་འདྲ་བར་དཔལ་ཎལེནྜའི་བཞེད་རྒྱུན་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་དོན་གཉེར་སློབ་སྦྱོང་ཐུབ་པ་བྱ་ཐབས་ཆེད་དུ་ཡིན་པ་རེད། གངས་ཅན་རིག་གནས་སློབ་གྲྭ་ནི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ལས་སྣེ་འདུས་སྤྱི་རྣམ་པས་མི་མང་རྣམས་ལ་ནང་དོན་རིག་པ་སོགས་བོད་ཀྱི་ཁྱད་ནོར་ངོ་སྤྲོད་སློབ་སྦྱོང་སྤྲོད་རྒྱུའི་མཐུན་རྐྱེན་དུ་གསར་བསྐྲུན་གནང་བ་ཞིག་ཡིན་པ་རེད།

དེ་ལྟར་ཆོས་རིག་ལས་ཁུངས་དང་གངས་ཅན་སློབ་གྲྭ་གཉིས་ནས་དབུ་ཕར་ཚད་མ་སོགས་གཞུང་ཆེན་ཁག་དང་། བརྡ་དག་སྙན་གསུམ་བཅས་ནས་མཁོ་གནད་རྣམས་ཟུར་ཕྱུང་བསླབ་གཞིར་གཏན་འབེབས་ཀྱིས་སློབ་དེབ་གཉིས་གསར་དཔར་དང་། ཐེག་མཆོག་རྣམ་གྲོལ་གླིང་གི་བཤད་གྲྭའི་ཚོགས་གཙོ་མཁན་པོ་རྟ་མགྲིན་སྲི་ཐུབ་དང་། ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་གི་དཔེ་ཁྲིད་རྒན་སློབ་དཔོན་སྟོབས་ལྡན། རྡ་ས་ནས་སྐུའི་གསུང་འགྱུར་ཟུར་པ་དགེ་བཤེས་ལྷག་རྡོར། བཀྲ་ཤིས་ལྷུན་པོའི་གཟིགས་སྐྱབས་རིན་པོ་ཆེ། རྒྱུད་སྨད་ཆོས་འགྲིམས་ཀུན་བདེ་གླིང་རིན་པོ་ཆེ་བཅས་ཀྱིས་ཟླ་བ་རེ་རེར་གསུང་བཤད་གནང་ཡོད་པ་རེད།

སྐབས་འདིར་སློབ་མ་བུ་མོ་ ༧ དང་བུ་ ༡༣ མཉམ་ཞུགས་བྱས་ཡོད་པ་དང་། ༢༠༡༥ ལོའི་ཕྱི་ཟླ་ ༧ ནས་སླར་ཡང་སློབ་ཕྲུག་རུ་ཁག་གསར་པ་བསྡུ་བསྐོང་གིས་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་གོ་སྒྲིག་བྱེད་ཀྱི་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༤༥ ཀློག་གྲངས།