ཁམས་རྟའུའི་བོད་མིའི་ཐོག་རྒྱ་ནག་གིས་མེ་མདའ་བརྒྱབ་འདུག

ཟླ་འདིའི་ཚེས་༢༣ ཉིན་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་། རྒྱ་ནག་གི་ཉེན་རྟོག་པས་ཁོང་ལ་བདག་པོ་རྒྱག་མཁན་བོད་མིའི་ཐོག་མེ་མདའ་བརྒྱབ་སྟེ། ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག

10801495_753196854767349_1882067046636559066_n
རྒྱ་ནག་གི་ཉེན་རྟོག་པས་མི་མང་ལ་མེ་མདའ་བརྒྱབ་པ།

དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྐལ་བཟང་ཡེ་ཤེས་ཀྱི་རང་སྲེག་ངོ་རྒོལ་སྐབས། དགེ་འདུན་པ་དང་ས་གནས་བོད་མི་ཚོས་བདག་པོ་རྒྱག་ཐབས་བྱེད་སྐབས། རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་འབྱོར་ནས་བོད་མིའི་ཁྲོད་མེ་མདའ་བརྒྱབ་པ་དང་། དགེ་འདུན་པ་ཞིག་དང་། དེ་མིན་གྱི་མི་གཉིས་ལ་མེ་མདའ་ཐོག་ནས་རྨས་སྐྱོན་བཏང་ཡོད་འདུག རང་སྲེག་ངོ་རྒོལ་བ་སྐལ་བཟང་ཡེ་ཤེས་ཉེན་རྟོག་པས་རྟའུ་རྫོང་གི་སྨན་ཁང་ལ་བཙན་འཁྱེར་བྱས་ཡོད་པ་དང་། དེ་ནས་ཉེན་རྟོག་པས་དར་རྩེ་མདོ་ལ་ཁྲིད་སྐབས་ཚེས་༢༣ ཉིན་གྱི་དགོང་དྲོར་ལམ་བར་ནས་སྐུ་གྲོངས་ཡོད་པ་རེད་འདུག

ཁོང་གི་ནང་མི་དང་། དགོན་པའི་དགེ་འདུན་པ། ས་གནས་བོད་མི་རྒན་གྲས་ཚོས་སྐལ་བཟང་ཡེ་ཤེས་ཀྱི་སྐུ་ ཕུང་རག་ཐབས་དང་དགོན་པར་གདན་ཞུ་བྱས་ནས་བོད་ཀྱི་སྲོལ་རྒྱུན་འགྲོ་སྟངས་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་རེ་བ་བཏོན་ཡོད་ཀྱང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་གི་སྐུ་ཕུང་དར་རྩེ་མདོ་ནས་ཞུགས་འབུལ་བྱས་ཚར་བ་མ་ཟད། རུས་ཐལ་སོགས་དར་རྩེ་མདོའི་གཙང་བོར་གཏོར་ཚར་སྐོར་བཤད་ཡོད་འདུག

48547c16-f23c-432b
རང་སྲེག་རྒྱ་རྒོལ་སྐབས་ཀྱི་པར།

གནས་ཚུལ་དངོས་སུ་མཐོང་མཁན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། སྐལ་བཟང་ཡེ་ཤེས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་ལག་ལ་བོད་ཀྱི་རྒྱལ་དར་ཁྱེར་ཡོད་པ་དང་། ཁོང་གི་གཟིམ་ཤག་དུ་༧གོང་ས་མཆོག་གི་སྐུ་པར་གཤམ་ལ་བོད་མི་ས་ཡ་དྲུག་གིས་ཁྱེད་ ལ་རེ་སྒུག་བྱས་ཡོད་ཅེས་བྲིས་བའི་སྐུ་པར་མདུན་ཁ་བཏགས་ཤིག་འཐེན་ནས་བཞག་ཡོད་པ་རེད་འདུག
ད་ལྟ་ས་གནས་སུ་དམ་དྲག་ཡོད་མིན་ལ་མ་ལྟོས་པར་དགེ་འདུན་པ་དང་། བཙུན་མ། ས་གནས་བོད་མི་སོགས་མང་པོ་རྟའུ་ཉ་མཚོ་དགོན་པར་འཛོམས་ནས་མཆོད་འབུལ་བསྔོ་སྨོན་གསུངས་བཞིན་པ་དང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་དམ་དྲག་མ་བྱས་བ་ཡིན་ན་མཆོད་འབུལ་བསྔོ་སྨོན་ཉིན་གྲངས་གསུམ་རིང་ཚོགས་འཆར་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

གྲྭ་སྐལ་བཟང་ཡེ་ཤེས་ཀྱི་ཁང་པའི་ནང་།
གྲྭ་སྐལ་བཟང་ཡེ་ཤེས་ཀྱི་ཁང་པའི་ནང་།

 

Share this:
༡༣༥ ཀློག་གྲངས།