སླར་ཡང་གསོལ་འདེབས་ཤིག་ཞུ་དགོས།

གངས་ལྗོངས་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་དཔལ་ལྡན་ས་སྐྱ་པའི་ལུགས་གཉིས་ཀྱི་དབུ་ཁྲིད་དམ་པ་སྐྱབས་མཆོག་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཉེ་ཆར་ཕྱི་ཟླ་༡༢ ཚེས་༡༡ ཉིན་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་ཉེར་གསུམ་པའི་ཚོགས་ཕེབས་བླ་སྤྲུལ་མཁས་དབང་འདུས་པ་ཡོངས་ལ་མ་འོངས་པའི་ས་སྐྱ་ཁྲི་པའི་ལམ་སྲོལ་ལ་འཕོ་འགྱུར་ཇི་ཕྱིན་སྐོར་བཀའ་ཡིག་དང་སྦྲགས་གསལ་བསྒྲགས་ཤིག་བསྐྱངས་ཡོད།

མ་འོངས་སྔོན་གཟིགས་ཀྱི་ཚུལ་དུ་གང་ཉིད་ཀྱི་ཐུགས་ཀློང་ཡེ་ཤེས་ཆེན་པོས་དུས་ལས་གཡོ་བ་མེད་པར་གཟིགས་ནས་རླབས་ཆེན་གྱི་མཛད་པ་འདིས་གནམ་འོག་གི་སྐྱེ་འགྲོ་མང་པོ་དང་བ་འདྲེན་སོང་ལ། ལོ་རྒྱུས་ཀྱི་དེབ་ཐེར་དག་ན་གསེར་ཡིག་གི་དབུ་འཁྱུད་བཀོད་གནང་སོང་།  དེ་རིང་གི་འཕོ་འགྱུར་འདི་ནི་སྤྱིར་ན་བོད་གངས་ཅན་པའི་ཁ་རྗེ་དང་ལས་དབང་ཡང་དགོས་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འདིར་འབྲེལ་བ་དམ་ཟབ་ཡོད་པའི་འགྱུར་ལྡོག་ཞིག་ཡིན། འགྱུར་ལྡོག་འདི་བརྒྱུད་ནས་མ་འོངས་པའི་ཁྲིར་ཕེབས་སྐུའི་གདུང་སྲས་རྣམ་པར་མཚོན་ན་ཡང་མཁྱེན་རྒྱ་དང་དྲང་ཚུགས་ཐུགས་གཤིས་སོགས་གང་ལ་བལྟས་ཀྱང་འོས་མཚམས་ཤིག་དང་། རང་ཡུལ་གངས་ཅན་པའི་ལས་དབང་དང་ཆོས་བརྒྱུད་འདིར་སྲི་ཞུ་དང་འཕྲིན་ལས་ཀྱི་གྲོགས་དན་ཡོང་ངེས་ཤིག་ཡིན་པས་ནམ་ཡང་ཐེ་ཚོམ་མེད།  འོན་ཀྱང་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་ང་ཚོའི་སེམས་ནང་ཚ་ཚ་འུར་འུར་གྱི་བདེ་སྐྱིད་ཅིག་ཡོད་པ་དེ་ནི་ཆོས་བརྒྱུད་འདི་ལ་ཆིག་སྒྲིལ་དང་ཐུགས་མཐུན་དྭངས་གཙང་གི་ཁོར་ཡུག་གཅིག་ཡོད་པ་དེ་ཡིན། དེ་ནི་ཁྲི་ཐོག་ཞེ་གཅིག་པ་འདིས་གྲང་ངར་གདོང་དུ་བཟེད། དཀའ་སྡུག་ཁུར་དུ་བླངས་པ་ལ་རྟེན་ནས་བྱུང་བ་ཞིག་ཡིན་པས་ཁོང་གི་བཀའ་དྲིན་ནི་ང་ཚོས་ནམ་ཡང་བརྗེད་ཐབས་མེད།

མ་ཟད་བོད་ཀྱི་ཆོས་ལུགས་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་ལུགས་གཉིས་གང་ཐད་ནས་ས་སྒང་ཧྲིལ་པོ་འདིའི་སྒང་མིང་ཙམ་ལས་ཉམ་ཆགས་འགྲོ་ལ་ཉེ་བའི་སྐབས་འདིར་རྗེ་འདི་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་མ་བྱུང་ཟེར་ནའང་ཆོག།  དེ་ལྟ་བུ་བཀའ་དྲིན་དང་ཐུགས་རྗེ་བླ་ལྷག་ཏུ་ཆེ་བའི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་གང་ཉིད་འབྱུང་འགྱུར་ལོ་ཤས་ནང་ཁྲི་ཟུར་ལ་བཞུགས་རྒྱུའི་ཡིན་པས་གསལ་བརྡ་འདི་བཞིན་ཆེས་ཐོག་མ་རྣ་བར་གོ་དུས་རང་ཉིད་བསོད་དམན་གྱི་གང་ཟག་ཞིག་ཡིན་པ་དང་ཚེ་འདིར་གནས་ཚུལ་འདི་ལྟ་བུ་ཞིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་གང་ཟག་ཞིག་གི་གྲལ་དུ་སྐྱེས་པ་འདི་བསོད་ནམས་ཡང་ཟད་འགྱུར་རྒྱུ་ཞིག་ལས་ཅི་ཡོད་སྙམ་པའི་བློ་ཕམ་དང་སྨྲེ་ངག་བྱེད་མཁན་ཉུང་ཉུང་གཏན་ནས་མིན། དེ་ལྟ་བུ་བློ་ཕམ་དང་སྨྲེ་ངག་དེ་དག་མི་སྐད་གསོན་པོ་ཞིག་གི་འདུ་ཤེས་ལ་བཞག་ནས་ས་སྐྱ་པ་གཞིས་བྱེས་གཉིས་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ལྷ་སྡེ་ཆབ་འབངས་ཡོངས་རྫོགས་ཀྱིས་བློ་གཞི་གྲོས་རྒྱས་ངང་ནས་སླར་ཡང་རྩེ་གཅིག་ཏུ་མགོན་པོ་གང་ཉིད་ལ་ལས་འཆར་འདི་མ་འོངས་པའི་ལམ་སྟོན་ཞིག་གི་ངོ་བོར་བཞག་ནས་འདྲེན་མཆོག་དམ་པ་གང་ཉིད་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་དཔལ་ལྡན་ས་སྐྱ་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལས་ནམ་ཡང་མི་གཡོལ་བ་བཞུགས་རྒྱུའི་གསོལ་འདེབས་ཤིག་བྱ་དགོས་པ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་མཐོང་། ལ་ལས་གསལ་བསྒྲགས་ཀྱི་བཀའ་ཡིག་དེ་བསྐྱར་བཤུས་ཡང་བཤུས་བྱས་ནས་གཏམ་བཟང་ཉིད་དུ་རློམ་ནས་དགའ་འགུའི་རྟགས་སྣ་ཚོགས་དང་བཅས་བརྒྱུད་ལམ་ཇི་ཡོད་ལ་བཀྲམ་སོང་ཡང་། གནས་ཚུལ་འདི་ནི་དགའ་འགུ་ཡི་རངས་བྱེད་དགོས་པའི་གཏམ་བཟང་ཞིག་ཏུ་ངོས་འཛིན་དགོས་གལ་མ་མཐོང་།

གང་ཉིད་ཀྱིས་དབུ་ཁྲིད་ལམ་སྟོན་གྱི་འོག་ཆོས་བརྒྱུད་འདི་མི་ལོ་ལྔ་ཅུ་ལྷག་གི་རིང་ལ་འགྲན་ཟླ་མེད་པའི་ཆིག་སྒྲིལ་གྱི་སྟོབས་ཤུགས་སོགས་ཕྱོགས་གང་ལ་བལྟས་ནའང་ལེགས་ཕྱོགས་སུ་ཕྱིན་པ་ལས་ལམ་སྲོལ་འདི་དང་དབུ་ཁྲིད་འདིར་འགྱུར་བ་ཞིག་ཕྱིན་ན་བསམ་པའི་ཡི་མ་རངས་པའི་ཀུན་སློང་དང་རྣམ་འགྱུར་སུ་ལ་ཡང་སྐྱེས་མྱོང་དང་ཐོན་མྱོང་མེད།

མདོར་ན་དཔལ་ལྡན་ས་སྐྱ་པ་ཞེས་བོད་གངས་ཅན་གྱི་ལྗོངས་དང་ཆེན་པོ་ཧོར་གྱི་ཡུལ་ཁམས་ཚུན་ཆད་ནས་འཕྲིན་ལས་ཀྱི་གདུགས་དཀར་ཆེས་ཆེར་གཡོ་བའི་ཆོས་བརྒྱུད་འདིར། ལོ་ངོ་དགུ་བརྒྱ་ལྷག་ཙམ་རིང་བྱུང་མ་མྱོང་བའི་འཕོ་འགྱུར་འདི་དེང་རབས་ཀྱི་ལམ་སྲོལ་དང་མཐུན་པའི་གསར་གཏོད་རང་བཞིན་ཅན་ཞིག་ཡིན་ནའང་། ཕ་ཡུལ་གངས་ཅན་དང་ཁ་ཐག་རིང་ས་ཞིག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཡིད་ཆེས་དང་རེ་བ་བཅོལ་ས་ཞིག་ནས་འདི་ལྟར་འགྱུར་ལྡོག་ཞིག་གནང་ན་དེ་ལ་དཔག་པའི་འབྲེལ་ཡོད་ཡོངས་ལ་གྲ་སྒྲིག་གི་འགན་ཁུར་ལྕི་མོ་རེ་ཡང་ངེས་པར་དུ་ཕྲག་ཐོག་ཏུ་བབ་པ་ཚོར་དགོས། །
སྨར་གྲྭ་ཐུབ་བསྟན་རྒྱལ་མཚན་གྱིས་འཕགས་ཡུལ་མ་དགོན་བཤད་གྲྭ་ནས།

 

Share this:
༨༣ ཀློག་གྲངས།