གདན་ས་ཁག་གི་ནང་སོགས་པོའི་མཁས་པ་མང་པོ་ཐོན་ཡོད།

ལམ་རིམ་གསུང་ཆོས་ཉིན་གསུམ་པ་སྟེ་ཟླ་འདིའི་ཚེས་༢༥ཉིན་གྱི་ཞོགས་པ་ཆུ་ཚོད་༧་༣༠ཕྱེད་ཐོག་༧གོང་ས་མཆོག་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ནང་ཆིབས་བསྒྱུར་གནང་ནས་བླ་སྤྱིའི་འདུ་ཁང་བསྐྱར་བཞེངས་ལེགས་འགྲུབ་བྱུང་ཡོད་པར་བསྔགས་བརྗོད་དང་འབྲེལ་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་སུ་རབ་གནས་གནང་ཡོད་པོ་རེད།

dalai lama 2014   12    24  25དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་སློབ་གཉེར་གནང་བཞིན་པའི་སོག་པོ་ཁལ་ཁ་མི་ཚན་གྱི་སྤྱི་ཁང་གསར་བཞེངས་དབུ་འབྱེད་རྟེན་འབྲེལ་མཛད་སྒོར་གདན་ཞུས་ལྟར་ཕེབས་པ་དང་། མཛད་སྒོའི་ཐོག་རྒྱ་གར་དུ་ཡོད་པའི་སོག་པོའི་གཞུང་ཚབ་པ་དང་བོད་གཞུང་སྐུ་ཚབ་དོན་གཅོད་དེ་ལོ་རིན་པོ་ཆེ་གཙོ་བོར་གྱུར་བའི་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་སློབ་གཉེར་གནང་བཞིན་པའི་སོག་པོའི་གྲྭ་པ་ཡོངས་དང་དེ་བཞིན་ཐེངས་འདིར་སོག་ཡུལ་ནས་ཆོས་ཞུར་ཕེབས་པའི་མི་སྐྱ་ཕོ་མོ་བརྒྱ་ལྷག་བཅས་ཁྱོན་མི་གྲངས་བཞི་བརྒྱ་བརྒལ་བ་ཞིག་འདུ་འཛོམས་བྱུང་ཡོད་པ་རེད།

སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་སོག་པོ་མི་ཚན་དུ་སོག་པོ་ཁལ་མིག་དང་སྦོ་རས་ཐུ། ར་ཤི་ཡ་དང་ནང་སོག་བཅས་ས་ཁུལ་སོ་སོ་ནས་ཕེབས་ཡོད་མེད་དང་། བོད་མི་བཙན་བྱོལ་བར་གྱུར་བ་དང་སོག་ཡུལ་ལ་རང་དབང་ཐོབ་ཏེ་སོག་རིགས་ཚོས་བོད་མི་བཙན་བྱོལ་བའི་གདན་ས་ཁག་ནང་ཕ་མེས་ཀྱི་རིག་གཞུང་དང་ནང་ཆོས་ལ་དོ་སྣང་གིས་སློབ་སྦྱོང་བྱེད་རྒྱུ་བྱུང་བ་མ་ཟད་གྲྭ་རྒྱུན་ཡང་འཕེལ་རྒྱས་སུ་སོང་ཡོད་པ་རེད། དེ་བཞིན་དཔལ་ན་ལེན་དྲ་ནས་བརྒྱུད་པའི་སངས་རྒྱས་ཀྱི་ཆོས་དེ་བོད་སོག་གཉིས་ནང་ཉམས་མེད་དུ་གནས་ཡོད་པ་དང་སྤུས་ཚད་ལྡན་ཤོས་ཤིག་ཡིན་པ་མ་ཟད་སངས་རྒྱས་ཞལ་བཞུགས་སྐབས་བོད་ནས་སོག་ཡུལ་དུ་ནང་བསྟན་དར་བའི་ལུང་བསྟན་མཛད་ཡོད་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།

dalai lama 2014   12    24  2༧གོང་ས་མཆོག་གིས་མུ་མཐུད་དུ་བཀའ་སློབ་གནང་དོན།   དེ་སྔོན་བོད་ལ་དུས་འགྱུར་མ་བྱུང་སྔོན་བོད་ཀྱི་གདན་ས་གསུམ་གྱི་ནང་སོག་ཡུལ་ནས་གྲྭ་རྒྱུན་སློབ་གཉེར་བ་བརྒྱ་ཕྲག་ཡོད་པ་དང་སོག་རིགས་རྣམས་ནི་དཀའ་སྤྱད་སྙིང་རུས་ལྡན་པ་ཞིག་ཡིན་པ་མ་ཟད།   གདན་ས་ཁག་གི་ནང་སོགས་པོའི་མཁས་པ་མང་པོ་ཐོན་ཡོད་སྐོར་དང་། ལྷག་དོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་བོད་དུ་སློབ་གཉེར་གནང་སྐབས་མཚན་ཞབས་བདུན་གྱི་ནང་ནས་ཕྱག་དཔེ་ཡག་ཤོས་དེ་སོག་པོ་དངོས་གྲུབ་ཚོགས་གཉིས་ཞུ་བ་དེ་ཡིན་ཞིང་། ཁོང་མགོན་པོ་གང་ཉིད་ལ་མཚན་ཉིད་རིག་ལམ་སློབ་ཁྲིད་གནང་མཁན་གཙོ་བོ་ཞིག་ཡིན་པ་དང་། དེས་ཁོང་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་སྐོར་དང་།   དུས་རབ་ཉེར་གཅིག་པ་འདིའི་ནང་འཛམ་གླིང་གི་ཐོག་ལྟ་གྲུབ་ཡོད་པའི་ཆོས་ལུགས་མང་པོ་ཡོད་པའི་ཁྲོད་ནས་དཔལ་ན་ལེན་ཌ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་དེ་ཡག་ཤོས་ཤིག་ཆགས་ཡོད་པ་རེད།   དེར་ཆོས་དད་ཡོད་མེན་ཚང་མར་ཕན་ཐོགས་དང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་པ་རེད་ལ།   གཞི་རྩའི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད། ཧོར་གྱི་ཡུལ་གྱི་གྲྭ་རྒྱུན་ཚོས་དཀའ་སྤྱད་སྙིང་རུས་ཀྱིས་སློབ་གཉེར་ལེགས་པོ་གནང་སྟེ་རང་གི་ཕ་ཡུལ་དུ་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་འགན་ཁུར་དགོས་པའི་སྐུལ་མ་ཡང་གནང་སོང་།

དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཚམས་ཁང་གསར་པ་དབུ་འབྱེད་མཛད་སྒོ་རབ་གནས་གནས་གཟིགས་གནང་གྲུབ་པ་དང་། ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་གྱི་ཐོག་༧གོང་ས་མཆོག་བྱང་རྩེ་གྲྭ་ཚང་གི་གསུང་ཆོས་ར་བའི་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་སུ་རྒྱུད་གྲྭ་སྟོད་སྨད་གཉིས་དང་སྟག་ཚང་ར་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་བཅས་རྣམ་པ་གསུམ་ནས་རིམ་བཞིན་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་པ་དང་ཆབས་ཅིག་ཉིན་འདིའི་ལམ་རིམ་རྣམ་སྒྲོལ་ལག་བཅངས་ཀྱི་གསུང་ཆོས་མུ་མཐུད་ནས་བཀའ་ཁྲིད་བཀའ་དྲིན་བསྩལ་གནང་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༡༢༢ ཀློག་གྲངས།