ངོ་དེབ་ཀྱིས་བོད་མིའི་རང་སྲེག་གི་བརྙན་ཐུང་གསུབ་པ།

བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱི་ངོ་དེབ་སྟེང་ཉེ་ཆར་ཁམས་རྟའུ་རུ་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ཀྱིས་རང་སྲེག་སྐབས་ཀྱི་བརྙན་ཐུང་ཞིག་བཞག་པ་དེ་ངོ་དེབ་ཀྱིས་གསུབ་ཡོད་འདུག་ཀྱང་། ངོ་དེབ་ཀྱི་འབྲེལ་ཡོད་དོ་དམ་མི་སྣ་ཞིག་གིས་རང་སྲེག་གི་བརྙན་ཐུང་གསུབ་པ་དང་ཆབ་སྲིད་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག

F8FA10BD-5D77-475D-9493-BFCE31675F57_cx0_cy2_cw0_mw1024_s_n_r1དེའང་ཕྱི་ཟླ་༡༢ པའི་ཚེས་༢༣ ཉིན་བོད་ཁམས་རྟའུ་རུ་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གཏོང་བའི་སྐབས་སུ་གསང་བའི་ཐོག་ནས་བརྙན་པར་ཐུང་ངུ་ཞིག་ལེན་ཐུབ་ཡོད་པ་དང་། བརྙན་ཐུང་དེ་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་མོའི་སྒེར་གྱི་ངོ་དེབ་སྟེང་ཡར་འཇུག་བྱས་ཀྱང་། མི་རིང་བའི་རྗེས་ངོ་དེབ་ཐོག་ནས་བརྙན་ཐུང་དེ་གསུབ་ཡོད་པ་མ་ཟད། ནག་གསུབ་ཏུ་བཏང་ཟིན་པའི་བརྡ་ཐོ་ཡང་འབྱོར་ཡོད་འདུག འོད་ཟེར་གྱིས་དེ་ནི་ངོ་དེབ་བེད་སྤྱོད་དེ་ལོ་དྲུག་ཙམ་ཕྱིན་པའི་རིང་ནག་གསུབ་བཏང་པའི་གནས་ཚུལ་བྱུང་བ་ཐོག་མ་ཡིན་པ་དང་། བརྙན་ཐུང་དེ་ནི་བོད་ནང་དུ་ཡོད་པའི་བོད་མིས་རང་སྲོག་ལ་མ་འཛེམས་པར་བརྙན་པར་དུ་བླངས་པ་ཞིག་རེད་ཅེས་བརྗོད་འདུག

ཨ་རིའི་རླུང་འཕྲིན་ཁང་གིས་ངོ་དེབ་ཀྱི་འབྲེལ་ཡོད་དོ་དམ་མི་སྣ་ཞིག་ལ་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་སྐབས། བརྙན་ཐུང་དེ་ངོ་དེབ་ཐོག་ནས་གསུབ་དགོས་དོན་ནི་བརྙན་པར་ཚད་བརྒལ་གྱིས་ལྟ་མི་གཟོད་པའི་ནང་དོན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་པ་ལས། ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག་པ་དང་། འོད་ཟེར་གྱིས་དེའི་ལན་དུ་ཨི་རག་གི་ཁ་ཆེའི་དྲག་སྤྱོད་པས་ནུབ་ཕྱོགས་པའི་མི་སེར་གྱི་མགོ་བཏུབ་པའི་བརྙན་པར་ལ་ངོ་དེབ་ཀྱིས་ཆོག་མཆན་སྤྲད་ཡོད་སྐོར་བརྗོད་འདུག་ཀྱང་། ངོ་དེབ་ཀྱི་འབྲེལ་ཡོད་དོ་དམ་པ་དེས་ཁ་ཆེའི་དྲག་སྤྱོད་པས་མགོ་བོ་བཏུབ་པའི་བརྙན་པར་ནང་དུ་མགོ་བཅད་དེ་སར་ཟགས་པའི་བརྙན་པར་མེད་པའི་ལན་འདེབས་བྱས་འདུག

དེ་བཞིན་ནེའུ་ཡོག་དུས་བབ་ཀྱི་དྲ་བའི་ཐོག་ཏུ་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱི་ངོ་དེབ་ཐོག་གི་བརྙན་ཐུང་ནག་གསུབ་བཏང་པའི་གནས་ཚུལ་སྤེལ་ཏེ། ངོ་དེབ་ཀྱིས་ཆབ་སྲིད་ཀྱི་ཀུན་སློང་ལ་བརྟེན་ནས་མཆན་དང་བརྙན་པར་རིགས་ལ་ཞིབ་བཤེར་བྱེད་བཞིན་པའི་སྐོར་ལ་དོ་སྣང་བྱས་ཡོད་པ་མ་ཟད། ངོ་དེབ་གསར་གཏོད་མཁན་རྫུ་ཁར་བྷར་གྷི་(Mark Zuckerberg) ཡིས་རྒྱ་ནག་གི་ཁྲོམ་རའི་ནང་ཞུགས་འདོད་ཀྱི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྐོར་བཀོད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༡༠ པའི་ནང་ཁར་བྷར་གྷི་ཡིས་ཤིན་ཧྭ་སློབ་གྲྭ་ཆེན་མོའི་ནང་རྒྱ་སྐད་ཀྱི་ལམ་ནས་སློབ་ཕྲུག་གི་དྲི་བར་ལན་འདེབས་བྱས་ཡོད་འདུག་ལ། ཟླ་འདིའི་འགོ་སྟོད་ཙམ་ལ་རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱི་དཔོན་རིགས་ཤིག་ཨ་རིར་མཚམས་འདྲིར་བསྐྱོད་སྐབས། ཨ་རིའི་གྲོང་ཁྱེར་ཀེ་ལེ་ཧྥོ་ནི་ཡཱ་ལ་རྟེན་གཞི་བྱས་པའི་ངོ་དེབ་ཀྱི་ལས་ཁུངས་ཨ་མའི་ནང་ལྟ་སྐོར་དུ་སོང་པ་དང་། དཔོན་རིགས་དེས་ཁར་བྷར་གྷི་ཡི་ལས་ཤག་གི་ཅོག་ཙེའི་སྟེང་ཞི་ཅིན་ཕིང་གི་དེབ་ཅིག་བཞག་ཡོད་པ་མཐོང་བ་མ་ཟད། སྐབས་དེར་ཁར་བྷར་གྱིས་རྒྱ་ནག་གི་དཔོན་རིགས་དེར་“ངས་ལས་རོགས་ཚོ་ལའང་དེབ་འདི་ཉོས་ཏེ། ཁོང་ཚོར་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱུས་ལོན་བྱས་བཅུག་པ་ཡིན་”ཞེས་བརྗོད་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༡༦༤ ཀློག་གྲངས།