སྨན་པ་དང་སྨན་ཚད་ལྡན་མ་ཡིན་པར་སྟངས་འཛིན་བྱེད་དགོས།

དེ་རིང་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་བཙུགས་ནས་ལོ་བཅུ་གཅིག་འཁོར་བའི་ཉིན་མོ་དང་སྟབས་བསྟུན། དྷ་ས་བོད་གཞུང་སྨན་རྩིས་ཁང་གི་ཚོགས་ཁང་ནས། “གནས་ཡུལ་རྒྱ་གར་ནང་བོད་ཀྱི་གསོ་བ་རིག་པའི་སྲིད་ཇུས་དང་མ་འོངས་ལས་དོན་བྱེད་ཕྱོགས་”སྐར་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

_MG_4245དེ་ཡང་ཟླ་འདིའི་ཚེས་༥ ཉིན་གྱི་སྔ་དྲོར་ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་བོད་གཞུང་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱ་རིག་ཐར། རྒྱ་གར་དབུས་གཞུང་གི་གསོ་བ་རིག་པའི་སྐུ་ཚབ་སྨན་རམས་པ་འཕྲིན་ལས་གཡང་འབྱོར། བོད་ཀྱི་སྨན་རྩིས་ཁང་གི་སྐུ་ཚབ་སྨན་པ་མཁྱེན་རབས་རྒྱ་མཚོ་སོགས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།

སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་ངོ་སྤྲོད་གཏམ་བཤད་གནང་སྐབས། སྨན་པའི་ལྷན་ཚོགས་དེ་ཚོགས་སྡེ་གཞན་དང་མ་འདྲ་བར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་ནས་སྨན་པ་དང་། སྨན་སྦྱོར་སྤུས་ཚད་ཡག་པོར་ཡོང་རྒྱུར་སྟངས་འཛིན་ཆེད་དུ་གསར་འཛུགས་བྱས་པ་དང་། སྨན་པ་ཚང་མས་ཁྲིམས་སྒྲིག་ལ་ལྟ་སྐྱོང་བྱེད་དགོས་པ། སྤྱི་ཚོགས་ནང་བོད་ཀྱི་སྨན་དེ་དར་སྲོལ་ཆེན་པོ་བྱུང་བ་དང་མཉམ་དུ་སྨན་པ་རྫུན་མ་དང་སྨན་འདྲ་མིན་བཟོ་མཁན་ཡོད་པས། དེའི་རིགས་ལ་དོ་སྣང་དང་བཀག་འགོག་ཡོང་ཐབས་མ་བྱས་ན། བོད་ཀྱི་གསོ་རིག་དེ་ཉམས་ཆག་འགྲོ་རྒྱུ་ཡིན་སྐོར། རྒྱ་གར་གཞུང་གིས་གསོ་བ་རིག་པ་ངོས་ལེན་བྱས་ཡོད་ཀྱང་། བོད་ཀྱི་གསོ་བ་རིག་པ་ཞེས་ངོས་ལེན་བྱས་མེད་པས། མ་འོངས་པར་ཁྲིམས་སྒྲིག་གི་ཐོག་ནས་ལས་དོན་བྱེད་ཕྱོགས་ལ་བསམ་བློ་གཏོང་དགོས་སྐོར་སོགས་གསུངས་ཡོད་པ་རེད།

རྒྱ་གར་དབུས་གཞུང་གི་གསོ་རིག་སྐུ་ཚབ་སྨན་རམས་པ་འཕྲིན་ལས་གཡང་འབྱོར་གྱིས་གཏམ་བཤད་སྐབས། དེང་སྐབས་དྷ་ས་ནས་ཡོང་བ་ཡིན་ཟེར་བའི་བོད་མི་དེ་འདྲ་ལ་དྭགས་སུ་ཡོང་ནས་སྨན་འདྲ་མིན་བཙོང་མཁན་ཡོད་པ་དང་། སྨན་པ་ཚད་ལྡན་མིན་པའི་རིགས་འདྲ་མིན་འབྱུང་གི་ཡོད་པ་རེད། དེ་ཚོ་རྩད་གཅོད་བྱས་དུས། བོད་ཀྱི་སྨན་རྩིས་ཁང་གི་ཁོངས་གཏོགས་མིན་པ་དང་། སྨན་པའི་ལྷན་ཚོགས་ནང་དེབ་སྐྱེལ་བྱས་མེད་པས། སྟངས་འཛིན་བྱེད་ཐབས་ཡོད་པ་མ་རེད་ཟེར་གྱི་འདུག དེ་ཚོར་དངོས་གནས་སྟངས་འཛིན་ཡོང་ཐབས་བྱེད་དགོས་པ་ལས། སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་མིན་ན། ག་རེ་བྱས་ཀྱག་རང་དབང་ཆགས་སོང་ན་ཡག་པོ་མེད་སྐོར་དང་། སྨན་པའི་ལྷན་ཚོགས་དེ་ཚོ་དབུས་གཞུང་གིས་ངོས་ལེན་ཡོད་ནའང་། མངའ་སྡེ་སོ་སོའི་ནང་དེབ་སྐྱེལ་དགོས་སྐོར། རྒྱ་གར་གྱི་གསོ་རིག་སྨན་པའི་ལྷན་ཚོགས་སོགས་ཀྱི་ནང་འཛུལ་ཞུགས་བྱེད་སྟངས་དང་། ལས་དོན་བྱེད་ཕྱོགས་སྐོར། སྨན་གྱི་སློབ་གྲྭའི་སློབ་ཚན་གཏན་འབེབས་བྱེད་ཕྱོགས་སྐོར་སོགས་གསུངས་ཡོད་པ་རེད།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱ་རིག་ཐར་གྱིས་བོད་ཀྱི་གསོ་རིག་དེ་གཞན་དང་མ་འདྲ་བའི་ལོ་རྒྱུས་རིང་པོ་ཡོད་པ་མ་ཟད། སྔོན་མ་བོད་བཙན་པའི་སྐབས་ནས་མིག་དང་སྙིང་བཤའ་བཅོས་ཀྱི་སྨན་བཅོས་བྱེད་ཐུབ་པའི་རིག་གཞུང་ཚད་ལྡན་ཞིག་ཡིན་པའི་ལོ་རྒྱུས་ཡོད་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། རིག་གཞུང་གཏོར་བཤིག་བྱས་ཡོད་ནའང་། ད་ལྟ་བསྐྱར་དུ་ཉམས་གསོ་ཡག་པོ་བྱུང་ཡོད་པས། མ་འོངས་པར་རིག་གཞུང་དེ་སྲོལ་རྒྱུན་གྱི་ཁྱད་ཆོས་མ་བརླགས་པའི་ཐོག་ནས། དེང་རབས་ཀྱི་རྗེས་ཆོད་པ་ཞིག་བྱེད་དགོས་སྐོར་གསུངས་སོང་།

འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་གྱིས་སྨན་པའི་ལྷན་ཚོགས་དེ་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་། གསོ་རིག་སློབ་གཉེར་ཚད་ལྡན་ཡོང་ཐབས། སྨན་པ་རྫུན་མའི་རིགས་ལ་སྟངས་འཛིན་ཡོང་ཆེད་དུ་བཙུགས་པ་ཡིན་པས། མདུན་དུ་གོམ་པ་སྤོ་ཕྱོགས་ལ་བསམ་བློ་བརྟན་པོ་གཏོང་དགོས་པ། ལྷན་ཚོགས་དེར་ཚོགས་མི་སྤུས་དག་དང་རྒྱུན་ལས་འོས་བསྡུའི་སྐབས་སུ་མི་ཚད་ལྡན་སླེབས་ཐབས་བྱེད་དགོས་སྐོར་གསུངས་སོང་།

དམིགས་བསལ་འཚོགས་འདུ་དེ་ཉིན་གཉིས་རིང་འཚོག་གི་ཡོད་པ་དང་། གསོ་བ་རིག་པ་རྒྱ་གར་གཞུང་གི་ཁྲིམས་ནས་ངོས་ལེན་གནང་བའི་རྗེས་སྤྱིར་བོད་ཀྱི་གསོ་བ་རིག་པའི་སྲིད་བྱུས་དང་ཡང་སྒོས་སྨན་པའི་ལྷན་ཚོགས་ཀྱི་མ་འོངས་གནས་སྟངས་དང་ལས་དོན་བྱེད་ཕྱོགས་ཐོག་གོ་བརྡུར་དང་། རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ལ་འབུལ་རྒྱུའི་གསོ་རིག་སྨན་པ་དཀའ་བཅུ་པའི་རྩ་འཛིན་སྒྲིག་གཞི་རགས་ཟིན་ལ་བསྐྱར་ཞིབ། རྒྱ་གར་གཞུང་ལ་འབུལ་རྒྱུའི་གསོ་རིག་སློབ་གཉེར་ཁང་གི་ཉུང་མཐའི་ཆ་རྐྱེན་གྱི་སྒྲིག་གཞི་རགས་ཟིན་ཐོག་བསྐྱར་ཞིབ་བཅས་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༠༤ ཀློག་གྲངས།