བོད་ཀྱི་གནད་དོན་དེ་རྒྱ་ནག་གི་དཀའ་ངལ་རེད།

བཀའ་ལན་འདིས་ྋགོང་ས་མཆོག་དང་རྒྱ་ནག་པེ་ཅིང་གཞུང་གཉིས་དབར་གྱི་གྲོས་མོལ་ལ་གསོན་ཤུགས་རྒྱས་དགོས་རྒྱུ་དེ་ཡིན་ནའང༌།ྋགོང་ས་མཆོག་གིས་“རྒྱ་ནག་པེ་ཅིང་གཞུང་གིས་གྲང་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་དེ་ནི་ནོར་འཁྲུལ་ཅན་ཞིག་རེད་”ཅེས་གསུངས་ཡོད་པ་རེད།
    དེ་ཡང་༢༠༠༢ ནས་༢༠༠༨ བར་ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་གཉིས་དབར། གྲོས་མོལ་ཐེངས་༩ ཙམ་བྱས་ཡོད་རུང༌། རྒྱ་ནག་ཕྱོགས་ནས་དོགས་ཟོན་གྱིས་ཞི་མོལ་ཡོང་མི་ཐུབ་པའི་ཡ་ལན་བོད་ཕྱོགས་ལ་བཙུགས་ནས། ཕྱོགས་གཉིས་ཀྱི་གྲོས་མོལ་གྱི་སྤུས་ཀ་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཡོད་པ་དང༌། ྋགོང་ས་མཆོག་གིས་ང་ཚོའི་དཀའ་ངལ་དེ་རྒྱལ་ནང་གི་དཀའ་ངལ་ཡིན་པས། རྒྱ་ནག་གཞུང་གིས་བསམ་གཞིག་བྱེད་དགོས་པ་རེད་ལ། ང་ཚོའི་ངོས་ནས་ཀྱང་དེ་ལྟར་བསམ་གཞིག་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད་ཅེས་དང༌།
    ཕྱི་ལོ་༡༩༨༠ ནས་ྋགོང་ས་མཆོག་གི་ལམ་དབུ་མའི་སྲིད་ཇུས་ལ། འཛམ་གླིང་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་མཐར་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། ཡིན་ནའང་ཁོང་གི་རེ་འདུན་བཏོན་པའི་མིང་དོན་མཚུངས་པའི་རང་སྐྱོང་དེ་ལ། པེ་ཅིང་གཞུང་གིས་“རེ་འདུན་དེའི་རྒྱབ་ལ་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་སྲིད་ཇུས་ཡོད་པ་རེད་”ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང༌། གང་ལྟར་ཡང་༢༠༠༨ ལོའི་ཞི་རྒོལ་རྗེས་ནས་པེ་ཅིང་དང་ཁོང་གི་སྐུ་ཚབ་བར་འབྲེལ་མཐུད་བྱེད་ཐུབ་མེད་པ་རེད།
    ཡང་ྋགོང་ས་མཆོག་གིས་འབྱུང་འགྱུར་གྱི་བོད་དང་རྒྱ་ནག་གཉིས་ཀྱི་གནད་དོན་སྐོར་ཆེད་དུ་གསུང་དོན། བོད་ཀྱི་མི་རབས་གསར་པ་ཚོ་རྒྱ་ནག་ལ་ཁོང་ཁྲོ་ལངས་པ་དང་འགལ་ཟླའི་བསམ་ཚུལ་འཛིན་པ་སོགས། མང་ནས་མང་དུ་འགྲོ་བཞིན་པའི་རྟགས་མཚན་མངོན་གསལ་འདུག་ལ། ྋགོང་ས་མཆོག་ཇི་སྲིད་བར་བཞུགས་པ་དེ་སྲིད་དུ་མི་རབས་གསར་པ་ཚོ།  ཁོང་གི་སློབ་སྟོན་འཚེ་མེད་ཞི་བའི་རྗེས་སུ་འབྲང་རྒྱུ་ཡིན་ཡང༌། ནམ་ཞིག་ཁོང་མེད་པའི་སྐབས་བོད་ཀྱི་མི་རབས་གསར་པ་ཚོ་རང་དབང་ཡིན་པས། བོད་ཀྱི་གནད་དོན་དེ་ཉེན་ཚབས་ཅན་ཞིག་ཆགས་རྒྱུ་རེད་ལ། བོད་ཀྱི་གནད་དོན་དེ་རྒྱ་ནག་ཏུ་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཆེ་ཤོས་ཆགས་རྒྱུ་རེད།
    དེ་བཞིན་ྋགོང་ས་མཆོག་གིས། རྒྱ་ནག་པེ་ཅིང་གཞུང་གིས་བོད་དང་ཤིན་ཅང་གཉིས་ཀྱི་རང་སྐྱོང་ས་ཁུལ་གྱི་གནས་བབས་བརྗོད་པ་དག་ནི། དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་ཞིག་མིན་ལ། ཁོ་ཚོར་ལྟ་སྟངས་གཅིག་རང་ཡོད་པ་ནི་གྲངས་ཉུང་མི་རིགས་རྣམས་སྟངས་འཛིན་ཇི་ལྟར་བྱེད་དགོས་མིན་དང༌། ཇི་ལྟར་བྱས་ཏེ་རྒྱ་ནག་གི་མངའ་ཁོངས་སུ་ཉར་ཐུབ་མིན་ཁོ་ན་ཡིན་པ་ལས། མི་མང་གི་སེམས་ནང་སྡུག་བསྔལ་ག་འདྲ་མྱོང་གི་ཡོད་མེད་ལ་རྒྱ་ནག་གི་དཔོན་རིགས་ཚོས་བསམ་བློ་གཏོང་གི་ཡོད་མ་རེད་ཅེས་གསུངས་པའི་གནས་ཚུལ་སྤེལ་ཡོད་པ་རེད། བྷི་བྷི་སི་གསར་ཁང་གིས་དབྱིན་ལན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ྋགོང་ས་མཆོག་གི་བཀའ་ལན་དེ་བསྟན་ནས་ལན་འདེབས་ཡོད་མེད་ཀྱི་སྐད་ཆ་དྲིས་ཡོད་ནའང། རྒྱ་ནག་གཞུང་ཚབ་ཁང་ནས་བརྡ་ལན་གང་ཡང་སླེབས་མ་བྱུང་ཞེས་བྷི་བྷི་སིའི་གསར་འགྱུར་དྲ་གནས་ཐོག་འཁོད་ཡོད་པ་རེད།
   

Share this:
༧༧ ཀློག་གྲངས།