རྒྱུགས་ཤོག་བཙོང་བར་དྲང་བདེན་ཐག་གཅོད་དགོས་པའི་ལས་འགུལ།

བོད་མདོ་སྨད་ཀླུ་ཆུ་རྫོང་གི་སློབ་ཆེན་མཐར་ཕྱིན་སློབ་མ་དང་། ཕ་མ་ཚོས་ཡིག་རྒྱུགས་དྲང་པོ་དགོས་པའི་ཞུ་གཏུགས་ངོ་རྒོལ་ལས་འགུལ་ལ་ཐག་གཅོད་གང་ཡང་མ་བྱུང་བར་བརྟེན། བསྐྱར་དུ་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད་ནའང་། རྫོང་ཉེན་རྟོག་ལས་ཁུངས་ནས་བཀག་འགོག་བྱས་ཡོད་འདུག

དེ་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་མདོ་ལྷོ་ཀླུ་ཆུ་རྫོང་ཁོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་དང་། ཁྱིམ་བདག་ཕ་མ་བརྒྱ་ཕྲག་བརྒལ་བས་ཡིག་རྒྱུགས་དྲང་བདེན་གྱིས་ཐག་གཅོད་དགོས་སྐོར་གྱི་འཕྲེད་དར་འཕྱར་ནས། རྫོང་སྲིད་གཞུང་ནང་ཞུ་འབོད་ངོ་རྒོལ་བྱས་ཏེ། ད་བར་ཉིན་གྲངས་༡༣ ཕྱིན་ཡོད་ཀྱང་། ད་དུང་ཡང་དྲང་བདེན་གྱི་ཐག་གཅོད་གང་ཡང་མ་བྱུང་བར་བརྟེན། ཟླ་འདིའི་ཚེས་ཚེས་༨ ཉིན་ཁོང་ཚོས་མུ་མཐུད་རྫོང་སྲིད་གཞུང་གི་ལས་ཁུངས་ནང་འཛོམས་ནས་ཞུ་འབོད་ངོ་རྒོལ་བྱས་ཡོད་འདུག

གནད་དོན་ཇེ་ཆེ་ལ་འགྲོ་བར་དོགས་ནས་ཉིན་དེའི་དགོང་མོར་རྫོང་དམར་ཤོག་དྲུང་ཆེ་ལཱན་མེན་ཀང་དང་རྫོང་དཔོན་ཡཱང་ཡོན་ཧཱ་སོགས་ཡོང་ནས་ཁོང་ཚོའི་དགོས་འདུན་ལ་ཉན་ཁུལ་བྱས་ཡོད་ཀྱང་། ཐག་གཅོད་གསལ་བོ་གང་ཡང་མ་བྱུང་མེད་སྐོར་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་འདུག

ཕྱི་ཚེས་༨ ཉིན་གྱི་དགོང་མོ་ཁོང་ཚོས་རང་ཁྱིམ་རང་སྐྱོང་། ཁྲིམས་འགལ་གྱིས་རྒྱུག་ཤོག་བཙོང་བར་དྲང་བདེན་ཐག་གཅོད་དགོས་ཞེས་འཁོད་པའི་འཕྲེད་དར་དང་མཉམ་ཀླུ་ཆུ་རྫོང་ནས་ཀན་ལྷོ་ཁུལ་བར་ཞུ་གཏུགས་གོམ་བགྲོད་བྱས་ནས་བསྐྱོད་ཡོད་པ་དང་། ལམ་ཐག་སྤྱི་ལེ་༡༥ ཙམ་གྱི་སར་འབྱོར་སྐབས་རྫོང་གི་ཉེན་རྟོག་མི་སྣ་དང་། འབྲེལ་ཡོད་ཚན་པའི་ལས་བྱེད་མི་སྣ་ཡོང་ནས་རིམ་པས་ཞིབ་འཇུག་བྱེད་རྒྱུ་ཡིན་ཚུལ་སོགས་ཁ་ཏ་སློབ་གསོ་བྱེད་ཞོར་གོམ་བགྲོད་མཚམས་འཇོག་བྱེད་དུ་བཅུག་ཡོད་འདུག
གནས་ཚུལ་དེ་ནི་བོད་མདོ་ལྷོ་ཁུལ། ཀླུ་ཆུ་རྫོང་ཁོངས་ཀྱི་སློབ་ཆེན་པའི་སློབ་མ་ཚོའི་ལས་འཚོལ་གཅིག་གྱུར་ཡིག་རྒྱུགས་ཀྱི་རྒྱུགས་ཤོག་རྒྱ་ནག་གི་འབྲེལ་ཡོད་ཚན་པའི་མི་སྣས་བརྐུས་ནས་གསང་བའི་ཐོག་ཕྱི་ལ་བཙོང་པ་དང་། ས་གནས་གཞན་པའི་མི་ཚོ་ས་གནས་ཀྱི་ལས་བྱེད་ཚུད་རྒྱུགས་ཁོངས་སུ་བཅུག་ནས་ས་གནས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་ཚོའི་གོ་སྐབས་ཤོར་བཞིན་པའི་གནས་ཚུལ་སློབ་ཆེན་པ་དང་ཁྱིམ་བདག་ཕ་མ་ཚོས་ཤེས་རྟོགས་བྱུང་རྗེས། ཉེ་བའི་སྤྱི་ཟླ་༡༢ པའི་ཚེས་༢༨ ཉིན་ནས་ཞུ་འབོད་ལས་འགུལ་སྤེལ་ཡོད་པ་དང་། ཉིན་དེ་དག་ནང་ཞུ་འབོད་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཇེ་མང་ལ་སོང་ཡོད་པ་རེད། དེ་ལྟར་གནད་དོན་དེར་དྲང་བདེན་གྱི་ཐག་གཅོད་མ་བྱུང་ཚེ་ཁོང་ཚོས་གོང་རིམ་ཞིང་ཆེན་དང་དབུས་གཞུང་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་ཚུལ་བརྙན་ཐུང་ནང་བརྗོད་ཡོད་འདུག

ཉེ་བའི་ཆར་ཀླུ་ཆུ་རྫོང་ཁོངས་སུ་རྫོང་གཞན་དང་གཅིག་གྱུར་གྱི་ལས་འཚོལ་ཡིག་རྒྱུགས་ལ་མཉམ་ཞུགས་བྱེད་མཁན་སློབ་ཆེན་མཐར་ཕྱིན་སློབ་མ་བསྡོམས་༣༢༠ ལྷག་ཡོད་པའི་ཁོངས་སུ་ཀླུ་ཆུ་རྫོང་ཁོངས་ནས་མ་ཡིན་པའི་ཕྱི་མི་༦༨ ཙམ་ཡོད་པ་དང་། དེའི་ཁོངས་ལས་འཚོལ་ཡིག་རྒྱུ་འཕྲོད་མཁན་ཀླུ་ཆུ་ས་གནས་གྱི་མི་༢༥ དང་། ས་ཁུལ་གཞན་པའི་༢༦ གིས་རྒྱུགས་འཕྲོད་ཡོད་འདུག
ཀླུ་ཆུ་རྫོང་སྲིད་གཞུང་གིས་ས་གནས་ཡུལ་མི་མང་ཚོགས་ཀྱི་བདེ་སྡུག་ལ་བལྟ་རྟོགས་ཡག་པོ་མི་བྱེད་པའི་ཐོག་ལྟག་སྒོ་བརྒྱུད་པ་སོགས་ཀྱི་དཀའ་ངལ་འདིའི་རིགས་ཡང་ཡང་ཡོང་གི་ཡོད་པ་དང་། ད་ཐེངས་འབྲེལ་ཡོད་ཚན་པའི་མི་སྣས་རྒྱུགས་ཤོག་མང་པོ་ལྐོག་ཚོང་བརྒྱབ་སྟེ་རྒྱ་སྒོར་ཁྲི་༢༠༠ ལྷག་ལྐོག་ཟ་བྱས་ཡོད་པ་ས་གནས་བོད་མིས་ཤེས་རྟོགས་བྱུང་ཚུལ་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༣༠ ཀློག་གྲངས།