༸གོང་མ་བདག་ཁྲི་རིན་པོ་ཆེ་ལ་བརྟན་བཞུགས།

རྒྱ་གར་བྱང་ཕྱོགས་ལྡེ་ར་དྷུན་མངའ་ཁུལ་རཱ་ཇི་པུར་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་ས་སྐྱའི་ཆོས་ཚོགས་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན། ཟླ་འདིའི་ཕྱི་ཚེས་༡༡ ཉིན་༸གོང་མ་བདག་ཁྲི་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་ཡོད་པ་རེད།

10913710_770909_nདེ་ཡང་ས་གནས་ཐུབ་བསྟན་རྒྱལ་མཚན་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ས་སྐྱ་ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམ་པ་དབུས་པའི་འཛམ་གླིང་ས་ཕྱོགས་གང་སར་ནས་ཆེད་ཕེབས་གནང་བའི་བླ་སྤྲུལ་དགེ་འདུན་རྣམ་པ་དང་། བཙུན་མ་བཅས་ཁྱོན་མི་མང་སྟོང་ཚོ་གཉིས་ཡས་མས་ཤིག་ལ་དཔལ་ས་སྐྱའི་༸གོང་མ་བདག་ཁྲི་རིན་པོ་ཆེས་ཟླ་གཅིག་ལྷག་ཙམ་རིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ས་ཆེན་གོང་མ་རྣམ་ལྔའི་གསུང་འབུམ་ལྗགས་ལུང་གནང་ཡོད་པ་རེད། དེ་བཞིན་རྗེ་བཙུན་གོང་མ་རྣམ་ལྔའི་གསུང་འབུམ་ནང་བཞུགས་མཐུན་མོང་མ་ཡིན་པའི་ལམ་འབྲས་དང་ཆོས་སྐྱོང་སྐོར་སོགས་ཕུད་པའི་གོང་མ་རྣམ་ལྔའི་གསུང་འབུམ་ཆ་ཚང་ལྗགས་ལུང་ཟླ་འདིའི་ཕྱི་ཚེས་༡༡ ཉིན་ལེགས་པར་གྲུབ་ནས། སྔ་དྲོ་བརྟན་བཞུགས་རྒྱས་པ་ཞིག་འབུལ་གནང་སོང་།

10922096_77090962སྐབས་དེར་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་དབུས་པའི་གདུང་སྲས་རྣམ་པ་དང་ངོར་ཐར་རྩེ་མཁན་རིན་པོ་ཆེ་སོགས་དབུ་བཞུགས་ཐོག་འདུས་མང་ཡོང་གིས་ཉིན་དྲུག་རིང་སྔ་དྲོ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བརྟན་བཞུགས་སྒྲུབ་བཞག་མཛད་ཡོད་པ་དང་། ཁ་སང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དགོངས་རྫོགས་ཀྱི་དུས་ཆེན་དང་སྟུན། ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་སོགས་དབུ་བཞུགས་ཀྱིས་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་༸གོང་མ་བདག་ཁྲི་རིན་པོ་ཆེ་གང་ཉིད་སྒྲོལ་མ་ཕོ་བྲང་གཟིམ་ཆུང་ནས་རྔ་རོལ་སེར་སྦྲེང་གིས་ཕེབས་བསུ་ཞུས་ཏེ་བརྟན་བཞུགས་དངོས་སུ་དབུ་འཛུགས་ཞུ་གནང་ཡོད་པ་རེད། བརྟན་བཞུགས་དངོས་གཞིའི་སྐབས་འཁོན་སྐུ་བགྲེས་རིན་པོ་ཆེས་མནྜལ་ལྗགས་བཤད་གནང་སྟེ་རིམ་བཞིན་བཀྲིས་རྟགས་བརྒྱད་དང་རྒྱལ་སྲས་རྣ་བདུན་སོགས་འབུལ་གྲུབ་རྗེས་བླ་བྲང་ཁག་དང་དགོན་པ། ས་གནས་ཀྱི་མི་མང་ལ་མཇལ་ཁ་གནང་བ་དང་། ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་༸གོང་མ་རིན་པོ་ཆེ་དབུ་བཞུགས་ཐོག་འདུས་པ་ཡོངས་ནས་ཆོས་རྒྱལ་འཕགས་པའི་སྐུ་བསྟོད་དང་འབྲེལ་བླ་མ་མཆོད་པའི་ཆོ་གར་འཚོགས་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དགོངས་རྫོགས་ཀྱི་དུས་ཆེན་སྲུང་རྩི་ཞུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༠༠ ཀློག་གྲངས།