དྷ་སར་རྙེད་པའི་ཅ་དངོས་དེ་འབར་རྫས་མིན་པར་ངོས་འཛིན།

ཟླ་འདིའི་ཚེས་ ༡༤ ཉིན་གྱི་སྔ་དྲོ་བདེ་སྲུང་དྲུང་འཕར་ཀརྨ་རིན་ཆེན་གྱིས་ཕྱི་ཚེས་༡༣ ཉིན་གྱི་སྔ་དྲོར་སྤྱི་ཚོགས་དྲ་ལམ་ཁག་གི་ནང་བཞུགས་སྒར་དྷ་སའི་གླིང་སྐོར་ལམ་དུ་འབར་རྫས་རྙེད་པ་རེད་ཅེས་པའི་ཅ་དངོས་དེ་འབར་རྫས་མ་ཡིན་པར་གསལ་པོ་བྱུང་ཡོད་སྐོར་གསུངས་འདུག

karma-Rinchen-la
tibet.net

ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། “དྷ་སའི་གླིང་སྐོར་ལམ་དུ་འབར་རྫས་རྙེད་པ་རེད་ཅེས་དོགས་འདྲོག་ཡོང་བའི་གནས་ཚུལ་ཐོན་ཡོད། ཅ་དངོས་དེར་བལྟས་པ་ཙམ་གྱི་དངངས་སྐྲག་དང་དོགས་འདྲོག་ཡོང་རྒྱུ་ཞིག་བརྒྱུད་ལམ་ཁག་གི་ནང་སྤེལ་བཞིན་འདུག་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་དུའང་གནས་ཚུལ་དེ་བཀོད་འདུག་པས་གནད་དོན་དེའི་ཐད་བདེ་སྲུང་ལས་ཁུངས་ནས་ཅ་དངོས་དེ་གང་ཡིན་ཞིབ་འཇུག་བྱ་ཆེད་འབྲེལ་ཡོད་ས་གནས་སྐོར་སྲུང་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད། ས་གནས་སྐོར་སྲུང་ལས་ཁུངས་ནས་ཀྱང་ཛ་དྲག་ཐོག་ཆེད་ལས་པ་སྐད་བཏང་ནས་ཞིབ་འཇུག་མཐིལ་ཕྱིན་གནང་བར་བརྟེན་ཅ་དངོས་དེ་ནི་རྫས་རིགས་སོགས་ཉེན་ཚབས་ཅན་གང་ཡང་མིན་སྐོར་གསལ་པོ་བྱུང་ཡོད་”ཅེས་གསུངས་འདུག

བདེ་སྲུང་དྲུང་འཕར་གྱིས། “ངས་མི་དམངས་ཡོངས་ལ་ཞུ་རྒྱུར། སྤྱི་ཚོགས་ཀྱི་དྲ་ལམ་ཁག་གི་ནང་གནས་ཚུལ་ཞིབ་ཕྲ་མ་བརྟག་མ་དཔྱད་པར་གང་དྲན་བཀོད་རྒྱུ་དེ་རྩ་བ་ནས་ཡག་པོ་མི་འདུག གནས་ཚུལ་ཆ་ཚང་རྟོགས་པའི་རྗེས་སུ་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བ་ཡིན་ན་འོས་པ་ཞིག་རེད། དེ་མིན་གང་བྱུང་བརྒྱུད་བསྒྲགས་གནང་བ་ཡིན་ན་སྤྱི་ཚོགས་ནང་དོགས་འདྲོག་ཡོང་རྒྱུ་དང་། དེ་ཡང་འབར་རྫས་རིགས་དང་། ལྷག་པར་བཞུགས་སྒར་གླིང་སྐོར་ཉེ་འཁོར་དུ་རྙེད་པ་རེད་ཅེས་ཧ་ལམ་ཆ་ཚང་ཧ་གོ་གི་ཡོད་པ་ལྟ་བུ་བྱས་ཏེ་སོ་སོའི་ངོས་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་པ་ལྟ་བུ་གནང་ན་རྩ་བ་ནས་ཡག་པོ་མིན་འདུག དེས་ང་ཚོའི་སྤྱི་ཚོགས་ལྷིང་འཇགས་ལ་གནོད་པ་མ་ཟད། དོ་བདག་རང་ཉིད་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། གང་ཡིན་ཞེ་ན་གནས་ཚུལ་འདི་རིགས་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་པར་བརྟེན། མ་འོངས་པར་ཚང་མས་ཐུགས་གཟབ་གནང་རོགས་ཞུ་རྒྱུ་ཡིན། ལྷག་པར་མི་དམངས་ཡོངས་ལ་ཞུ་རྒྱུར་ཅ་དངོས་དེ་ནི་གད་སྙིགས་ཙམ་ལས་གཞན་གང་ཡང་རེད་མི་འདུག་པས་ཚང་མ་བློ་བདེ་པོ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༠༤ ཀློག་གྲངས།