སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་དབུ་འཛུགས།

སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་ཐེངས་༢༦ པ་ཕྱི་ལོ་༢༠༡༥ ཟླ་༡ ཚེས་༢༠ བོད་ཟླ་༡༡ ཚེས་༣༠ ཉིན། གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་རྣམས་སུ་འཚོགས་ནས་དབུ་འཛུགས་གནང་ཡོད་པ་རེད།

DSC_9581ལོ་འདིའི་རྡོར་གདན་སྨོན་ལམ་ཆེན་མོ་ནི་ཐེངས་༢༦ པ་དེ་ཡིན་པ་དང། སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སྔ་འགྱུར་རྙིང་མ་པའི་དབུ་འཛིན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དང། སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་ཚོགས་གཙོ་སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ། སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གིས་དབུས་བླ་སྤྲུལ་དང། མཁན་པོ། སློབ་དཔོན། གྲྭ་བཙུན་སྔགས་གསུམ་གང་མང་ཞིག་སྨོན་ལམ་ཆེན་མོར་ཕེབས་འདུག སྤྱིར་རྡོར་གདན་སྨོན་ལམ་ཆེན་མོ་དེ་ ཉིད་ལོ་ལྟར་བོད་ཟླ་༡༢ པའི་ཚེས་༡ ནས་༡༠ བར་འཆར་ཅན་འཚོག་གི་ཡོད་ཀྱང། ལོ་འདིའི་བོད་ཟླ་༡༢ ཚེས་༥ ཆད་ཡོད་པས་བོད་ཟླ་༡༡ པའི་ཚེས་༣༠ ནས་དབུ་འཛུགས་གནང་བ་ཞིག་ཡིན་འདུག

ལོ་འདིར་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་གོ་སྒྲིག་བྱེད་མཁན་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་སྔ་འགྱུར་རྙིང་མ་པའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང། རྫོགས་ཆེན་བྱེས་ཀྱི་གདན་ས་གཉིས་ཀྱིས་གཙོས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སྔ་འགྱུར་རྙིང་མ་པའི་དགོན་སྡེ་ཁག་རེད་འདུག།

DSC_9591སྔ་འགྱུར་རྙིང་མ་པའི་སྨོན་ལམ་ཆེན་མོའི་སྦྱིན་བདག་གཙོ་བོ་ཨ་རིར་གནས་བཞུགས་སྐྱབས་རྗེ་དར་ཐང་རིན་པོ་ཆེ་མཆོག་གིས་ལོ་འདིར་ཡང། སྣར་ཐང་བཀའ་འགྱུར་ཆ་ཚང་རིས་མེད་དགོན་སྡེ་ཁག་དང། གྲྭ་བཙུན་ཡོངས་ལ་གཟན་ཤམ་ཆ་ཚང་རེ། སེར་སྐྱ་མི་ཡོངས་ལ་བཀའ་འགྱུར་སོགས་ལས་གྲུབ་པའི་ལག་འཁོར་བཅས་རིན་མེད་ཆོས་སྦྱིན་དུ་གནང་རྒྱུ་ཡིན་འདུག་པ་དང། རྡོར་གདན་སྨོན་ལམ་ཆེན་མོ་གྲུབ་པའི་རྗེས་སུ་བདག་ཅག་གི་སྟོན་པས་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་གནས་ཆེན་ཝཱ་རཱ་ཎ་སཱི་རུ་དར་ཐང་རིན་པོ་ཆེ་མཆོག་གིས་གོ་སྒྲིག་འོག བོད་ཡུལ་བདེ་བའི་སྨོན་ལམ་ཞིག་ཀྱང་ལོ་ཤས་ནས་བཟུང་གོ་སྒྲིག་གནང་གི་ཡོད་པ་ལྟར། ལོ་འདིར་ཡང་འཚོག་རྒྱུ་ཡིན་འདུག།།

uned

Share this:
༥༡༥ ཀློག་གྲངས།