ཨ་རིའི་གྲོས་ཚོགས་འཐུས་མི་བོད་དུ་བསྐྱོད་འཆར།

    ༢༠༠༨ ལོར་བོད་དུ་མི་མང་གིས་ཞི་བའི་གྱེན་ལངས་བྱས་པ་ནས་ད་ལྟའི་བར། རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མིར་བོད་བསྐྱོད་ཆོག་མཆན་སྤྲད་པ་དང་པོ་དེ་ཆགས་ཡོད་པ་དང༌།    དེའི་སྔོན་དུ་ཨ་རིའི་གྲོས་ཚོགས་འཐུས་མིས་བོད་བསྐྱོད་བྱེད་ཆོག་པའི་འབོད་སྐུལ་ཞུས་ཡོད་ཀྱང་རྒྱ་གཞུང་གིས་ཕྱིར་སློག་བྱས་ཡོད་པ་རེད།
    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ཊོ་ཐི་སི་ཊན་གྱིས། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱུན་ལྡན་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང༌། ༢༠༠༩ ལོར་རྒྱ་ནག་གཞུང་གིས་གྲོས་ཚོགས་འཐུས་མིར་བོད་བསྐྱོད་ཆོག་མཆན་སྤྲད་པ་དེ། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ཀྱི་གནད་དོན་ལ། འགྲེལ་བརྗོད་དང་མཐོང་སྣང་གཞན་ཞིག་ཡོང་ཐུབ་པའི་རེ་བ་རྒྱག་གི་ཡོད་པའི་རྟགས་མཚན་གཅིག་རེད། རྒྱ་གཞུང་གིས་བོད་ནང་གི་གྱེན་ལངས་སོགས་ཀྱི་དཀའ་ངལ་རིམ་པ་མང་པོ་བྱུང་ཡོད་པ་རྣམས་ལ། བོད་ཀྱི་ཕྱི་ལོགས་ནས་ཐེ་གཏོགས་བྱེད་མཁན་ཚོའི་ངན་ཇུས་འོག་ནས་བྱུང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་ཡོད་པས། ང་ཚོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས། བོད་དུ་ཡུལ་སྐོར་རྟོག་ཞིབ་ལ་བསྐྱོད་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་རེ་བ་གཅིག་ཞུ་རྒྱུ་ཡོད་པ་ནི། བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དང་མི་མང་གྱེན་ལངས་ཀྱི་རྒྱུ་རྐྱེན། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས། མ་འོངས་བོད་མིའི་རེ་འདུན་བཅས་ལ། གཞན་གྱི་ཤུགས་རྐྱེན་དང་གནོན་ཤུགས་གང་ཡང་མེད་པར་དཔྱད་ཞིབ་ཡང་དག་པ་ཞིག་བྱེད་ཐུབ་པ་གནང་རོགས་ཞུ་རྒྱུ་ཡིན་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།
    རྒྱ་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ། བོད་བསྐྱོད་ཀྱི་ཆོག་མཆན་སྤྲད་དོན་གཙོ་བོ་ནི། ལོ་འདིའི་ཕྱི་ཟླ་༧ པའི་ནང་ཤར་ཏུར་ཀི་སི་ཐན་དུ་མི་མང་གིས་གྱེན་ལངས་བྱས་པའི་སྐབས། རྒྱལ་སྤྱིའི་གསར་འགོད་པ་མང་པོ་ཤར་ཏུར་ཀི་སི་ཐན་གྱི་གྱེན་ལངས་ལ་རྟོག་ཞིབ་ཆེད་དུ་བཏང་ཡོད་ནའང་རང་དབང་གི་ཐོག་ནས་དཔྱད་ཞིབ་ཀྱིས་གནས་ཚུལ་སྤེལ་རྒྱུ་བཀག་འགོག་བྱས་ཡོད་པ་དང། ལོ་སྔོན་མ་སོགས་སུ་བོད་དུ་མི་མང་གི་གྱེན་ལངས་བྱས་སྐབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་སོགས་བཀག་པས། ཕྱོགས་གང་ས་ནས་རྒྱ་ནག་ལ་གནོན་ཤུགས་གཅིག་མཇུག་གཉིས་མཐུད་ཡོང་བཞིན་པ་དང༌། ལྷག་དོན་ྋགོང་ས་མཆོག་ཉེ་དུས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཆིབས་བསྒྱུར་གནང་སྐབས། བོད་དུ་དངོས་ཡོད་གནས་ཚུལ་གང་ཡིན་ལ་རྟོག་ཞིབ་བྱེད་རྒྱུ་དང་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་དུ། བོད་ནང་བསྐྱོད་དགོས་པའི་འབོད་སྐུལ་དང་བཀའ་སློབ་མང་པོ་གནང་ཡོད་པའི་རྐྱེན་གྱིས། རྒྱ་ནག་གིས་བོད་བསྐྱོད་འཐུས་མི་ཚོར་ཆོག་མཆན་སྤྲད་པ་ཞིག་ཡིན་སྐོར་གྱི་གནས་ཚུལ་ཡང་སྤེལ་ཡོད་པ་རེད།།

Share this:
༤༧ ཀློག་གྲངས།