ཆབ་སྲིད་བཙོན་ཟུར་ཞིག་སུད་སིར་ཕེབས་བསུ།

ཟླ་འདིའི་ཚེས་༢༥ ཉིན་གཟའ་ཉི་མའི་ངལ་གསོའི་དུས་དང་བསྟུན་ནས་སུད་སི་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་ཅིག་གི་གོ་སྒྲིག་འོག ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་སུད་སིར་ཕེབས་པའི་སྣེ་ལེན་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

golok Jigmay 008ཚོགས་འདུའི་གཙོ་སྐྱོང་བ་བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་ཇིག་མེད་ཁོང་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་ཡིན་སྐོར་དང་འབྲེལ་ནས་ངོ་སྤྲོད་བྱས་ཡོད་པ་རེད། དེ་བཞིན་ཚོགས་པ་འདྲ་མིན་གྱི་འབྲེལ་ཡོད་མི་སྣ་ཁག་གིས་གསུངས་བཤད་གྲུབ་རྗེས། ཆབ་སྲིད་བཙོན་ཟུར་འཇིག་མེད་ཀྱིས་ཁོང་གི་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་ནས་གསུང་དོན། “ངའི་བོད་དོན་ཐད་ཀྱི་བསམ་བློའི་ས་བོན་ནི་རང་གི་དྲིན་ཆེན་གྱི་ཕ་མ་གཉིས་ཀྱི་སློབ་གསོ་དང་རྒྱབ་སྐྱོར་འོག་ནས་འཚར་ལོངས་བྱུང་ལ། ༡༩༩༡ ཙམ་ནས་རང་ཉིད་ལོ་ན་ཆུང་རུང་རང་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་པའི་བྱ་བ་ཞིག་བརྩམས་འགོ་བཙུགས་པ་ཡིན།”

ཡང་ཁོང་གིས་བོད་དུ་བཞུགས་པའི་རིང་དུ་བོད་དང་འབྲེལ་བའི་ལས་དོན་གང་དག་བརྩམས་ཡོད་མེད་ཐད་ལ་གསུངས་དོན། “བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་བྱས་པ་ནས་བཟུང་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་མེད་རུང་རང་ཉིད་ཀྱི་ཕྲག་པར་འགན་ཞིག་ཡོད་བསམ་ནས་བོད་ཀྱི་ས་མཚམས་སུ་ཡོད་པའི་ས་གནས་སུ་གྱར་ནས་བོད་ཡིག་སློབ་ཁྲིད་བྱེད་པ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ༧གོང་ས་མཆོག་གི་བཀའ་སློབ་དཔེ་དེབ་མང་པོ་བསྐྱར་པར་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་སར་བཅར་ནས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་པའི་བརྙན་ཐུང་བཟོ་བ་སོགས་བྱས་པ་ཡིན”

མཐར་ཁོང་གི་བཙོན་ཁང་དུ་ཐེངས་ག་ཚོད་སོང་ཡོད་མེད་དང་དེའི་སྐོར་གྱི་མཐོང་ཐོས་དང་ཚོར་བ། རྒྱ་ནག་གི་སྡུག་པོ་གཏོང་སྟངས། “འཇིག་བྲལ་གློག་བརྙན་”བཟོ་སྐབས་ཀྱི་དཀའ་སྡུག་དང་གཞི་རིམ་མང་ཚོགས་ཀྱི་བོད་ཀྱི་གནད་དོན་ལ་བཅངས་པའི་ལྷག་བསམ་དང་སྤོབས་སོགས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།

གནས་ཚུལ་མཁོ་གཏོང་བ་རྡོ་སྦིས་ཀླུ་རྒྱལ།

Share this:
༡༠༢ ཀློག་གྲངས།