ཆབ་སྲིད་བཙོན་པ་གྲྭ་འཇམ་དབྱངས་བསྟན་འཛིན་གློད་གྲོལ།

ཟླ་འདིའི་ཚེས་༢༤ ཉིན་ཁམས་ལི་ཐང་གི་ཆབ་སྲིད་བཙོན་པ་གྲྭ་འཇམ་དབྱངས་བསྟན་འཛིན་རྒྱ་གཞུང་གི་བཙོན་འོག་ནས་བཙོན་གྲོལ་ཐོབ་ཡོད་འདུག

jamyang tenzinདེ་ཡང་འཇམ་དབྱངས་ཡོན་ཏན་གྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། གྲྭ་འཇམ་དབྱངས་བསྟན་འཛིན་གྱིས་༧གོང་ས་མཆོག་གི་ཞབས་རིམ་གསོག་སྒྲུབ་དགོས་སྐོར་དང་། གཞན་ཡང་མི་སེར་གྱི་བདེ་སྡུག་གོང་རིམ་ལ་ཡར་ཞུ་བྱས་ཡོད་པ་སོགས་ལ་བརྟེན། ༢༠༠༧ ལོའི་ཕྱི་ཟླ་༡༠ ཚེ་༣ ཉིན་ཁ་བྲལ་གྱི་ནག་ཉེས་འོག་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ནས། ལོ་ངོ་གསུམ་ལྷག་རིང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས། ཁོང་གི་མཁལ་མ་དང་ཀླད་པར་སྐྱོན་ཚབ་ཆེན་པོ་ཕོག་པར་བརྟེན། སྨན་བཅོས་རིམ་པར་བྱས་ཏེ་ཅུང་ཟད་དྲག་རུ་སོང་ཡོད་ན་ཡང་། ཕྱི་ལོ་༢༠༡༢ ཟླ་བ་༨ པའི་ནང་སླར་ཡང་གྲྭ་འཇམ་དབྱངས་བསྟན་འཛིན་ནང་མི་དང་གཉེན་ཉེ་སོགས་འབྲེལ་ཡོད་སུས་ཀྱང་གོ་ཚོར་མེད་པར་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ། ལོ་ངོ་གསུམ་ལྷག་བཙོན་འཇུག་བྱས།

ཕྱི་ལོ་༢༠༡༥ ཟླ་བ་༡ ཚེས་༢༤ ཉིན་ཁོང་ར་ལྔ་ཁའི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་སྟེ། ཁོང་ད་ལྟ་ཕ་ཡུལ་ཁམས་ལི་ཐང་དུ་ཡུལ་མིས་བསུ་མ་དང་བཅས་ནང་དུ་འབྱོར་ཡོད་ན་ཡང་། ཁོང་གི་སྐུ་གཟུགས་བདེ་ཐང་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གསལ་པོ་མེད་པ་རེད། ཁོང་ད་ལྟ་དགུངས་ལོ་༤༡ ཡིན་པ་དང་། ཁོང་ཁམས་ལི་ཐང་གཡོན་རུ་ས་སྐོར་སྡེ་བ་ནས་ཡིན་འདུག ཁོང་གི་ཕ་མིང་ལ་འཕྲིན་ལས་ཚེ་རིང་ཟེར་གྱི་ཡོད་པ་དང་། ལི་ཐང་དགོན་ཆེན་གྱི་གྲྭ་པ་ཡིན་འདུག

ཁོང་༡༩༩༥ ལོར་རྒྱ་གར་དུ་ཕེབས་ནས། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་རྡོ་ར་ཁམས་ཚན་ནང་ཞུགས་ཏེ། ཕར་ཕྱིན་རབས་འབྱམས་པའི་རྒྱུག ་སྤྲོད་བཏང་རྗེས། ༢༠༠༤ ལོར་ཕྱིར་ཕ་ཡུལ་དུ་གཉེན་འཕྲད་དུ་སོང་ནས་ཕྱིར་ཕེབས་ཐུབ་མེད་པ་རེད།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༢༡༨ ཀློག་གྲངས།