ལྷ་ཆོས་དགེ་བ་བཅུ་ཡི་སྐོར།

རང་ལ་དྲིན་ཆེ་བ་དང་ཡིད་ཆེས་བློ་གཏད་ཅན་གྱི་གྲོགས་པོ་བསད་ན་ཆེས་མ་རབས་ཡིན་པར་མ་ཟད། རེ་སས་བསླུས་པའང་ཡིན་པས་སྡིག་པ་ཤིན་ཏུ་ལྕི། མི་མང་པོར་ཕན་ཐོགས་ཅན་གྱི་སྤྱི་མི། མཁས་མཛངས་སྙན་གྲགས་ཅན་གྱི་མི་སྣ། མི་མང་གིས་དགའ་པོ་བྱེད་ཡུལ་གྱི་མི། མཆོད་པའི་སྐྱབས་གནས་ཡུལ་གོང་མ། མི་གཅིག་བསད་པས་མི་མང་པོའི་ཚེ་སྲོག་ལོངས་སྤྱོད་ལ་གནོད་པར་འགྱུར་བའི་མི་སོགས་ཁྱད་པར་ཅན་གྱི་མི་སྣ་བསམ་བཞིན་བསད་ན་སྡིག་པ་ལྷག་པར་ཆེ། མི་དང་དུད་འགྲོ་སོགས་ཡུལ་དཀྱུས་མ་ཞིག་ཡིན་ནའང་ངན་གསོད་དང་སྡུག་གསོད་བྱས་ཡོད་ཚེ་སྡིག་པ་ཆེ་བར་གསུངས་ཡོད་པས་སྲོག་གཅོད་པའི་ལས་འདི་ནམ་ཡང་བྱེད་མི་རུང༌།
སྲོག་བཅད་པའི་འབྲས་བུ་ནི། སྤྱི་སེམས་དང་བླ་མ་གྲྭ་ཚང་གི་ཞབས་ཞུ་སོགས་ཀུན་སློང་བཟང་ངན་གང་ཡིན་ཡང་རུང་མི་དང་དུད་འགྲོ་སུའི་སྲོག་བཅད་ཀྱང་དེའི་འབྲས་བུར། ཚེ་འདིར་རང་དང་རང་གི་ནང་མིའི་ཚེ་སྲོག་ལ་གནོད་པ་མང་ཞིང་ཚེ་ཐུང་དུ་འགྱུར་བ། བཀྲག་མདངས་དང་གཟི་བརྗིད་ཉམས་འགྲོ་བ། མི་གསོད་ལག་དམར་བའམ་བཤན་པ་སོགས་ཀྱི་གྲགས་པ་ངན་པས་ཁྱབ་པ། ནད་ན་ཚ་དང༌། སེམས་མི་སྐྱིད་པ། དངངས་སྐྲག་མང་བ། བྱ་བ་ལམ་དུ་མི་འགྲོ་བ། མི་འདོད་པ་ཐོག་ཏུ་འབབ་པ། ཡིད་ཆེས་བློ་འགེལ་བྱེད་སའི་གྲོགས་པོར་རྒྱང་རིང་དུ་འགྲོ་བ། གྱོད་སྣ་ཁ་མཆུ་དང་རྒྱལ་ཁྲིམས་ཀྱི་འཇིགས་པས་མནར་བ་སོགས་ཚེ་འདིར་སྡུག་བསྔལ་མང་བ་དང༌། སྐྱེ་བ་ཕྱི་མར་ངན་སོང་གི་སྡུག་བསྔལ་མྱོང་དགོས་པར་མ་ཟད། ཚེ་རབས་ཕྱི་མ་རྣམས་སུའང་མིར་སྐྱེས་ཀྱང་རྒྱུ་མཐུན་གྱི་འབྲས་བུར་ཚེ་ཐུང་བ་དང༌། གཟུགས་ངན་པ། བཀྲག་མདངས་གཟི་བརྗིད་མེད་མཁན་ཞིག་ཏུ་སྐྱེ་བ་སོགས་ཚེ་འདི་ཕྱི་གཉིས་ཀར་འབྲས་བུ་ངན་པ་ཞིག་མ་གཏོགས་མེད།
གཉིས་པ་མ་བྱིན་པར་ལེན་པ། ལུས་ཀྱི་མི་དགེ་བ་གཉིས་པ་མ་བྱིན་པར་ལེན་པ་ནི། མ་བྱིན་པར་ཏེ་གཞུང་སྒེར་གང་ཡང་རུང་བས་རང་ལ་མ་བྱིན་པའི་རྒྱུ་ཅ་ལག་དང༌། འཁོར་གཡོག དངུལ་དངོས། ཁང་ས་ཞིང༌། སྒོ་ཟོག་སེམས་སོགས་རང་ལ་མི་དབང་བཞིན་དུ་ངོ་ལྐོག་གང་རུང་ནས་བདག་ཏུ་བཟུང་བ་ལ་མ་བྱིན་པར་ལེན་པ་ཟེར།
མ་བྱིན་པར་ལེན་སྟངས་ནི། འཇབས་ཏེ་ལྐོག་ནས་རྐུ་བ་དང༌། དངོས་སུ་འཕྲོག་པ། དབང་ཡོད་ཀྱིས་འཕྲོག་པ། ཡང་ན་གཡོ་ཐབས་ཀྱིས་རྐུ་བ་སྟེ། ལྐོག་ཟས་ལེན་པ་ཞེས་ལས་དོན་དང་བརྗེ་རེས་བྱེད་པ། གཞུང་ལ་དབང་བའི་ཚོང་ཁྲལ་དང་ལམ་ཁྲལ་སོགས་སྦས་སྐུང་བྱེད་པ། འཁོར་གླ་དང་ལས་གླ་སོགས་མི་སྤྲོད་པ། གཞུང་སྒེར་གང་ཡང་རུང་བར་རྩིས་གཙང་མི་བྱེད་པ། བུ་ལོན་སྒྲུབ་འཇལ་མི་བྱེད་པ། རྒྱ་ཁ་དང་བྲེ་ཁ་སོགས་ལ་གཡོ་སྒྱུ་བྱེད་པ། གཏའ་མ་ཕྱིར་སྤྲོད་མི་བྱེད་པ་སོགས་ཀྱི་བྱ་བ་ངན་པ་འདི་འདྲ་རང་གིས་བྱས་སམ་གཞན་ལ་བསྐུལ་ཡང་རུང༌། གཞན་གྱི་རྒྱུ་ནོར་ལོངས་སྤྱོད་དང་སེམས་ལ་གནོད་ཅིང་འཚེ་བའི་བྱ་བ་ཡིན་པས་དེ་ལ་སྡིག་པ་ཡོད། དཔེར་ན། རང་གི་རྒྱུ་ཅ་ལག་དང་མཁར་དངོས་གང་ཡང་རུང་བ་ཞིག་མི་གཞན་ལ་བྱིན་མེད་ནའང་གཞན་ཞིག་གིས་བདག་ཏུ་བཟུང་ཚེ་རང་གི་སེམས་ལ་དཀའ་ངལ་དང་སྡུག་བསྔལ་ཡོང་བ་བཞིན་དུ། གཞན་གྱི་རྒྱུ་ཅ་ལག་སོགས་རང་ལ་མི་དབང་བཞིན་བདག་ཏུ་བཟུང་ན་གཞན་གྱི་སེམས་ལ་གནོད་ཅིང་འཚེ་བ་ཡིན་པས་སེམས་ལ་སྡུག་བསྔལ་དང་དཀའ་ངལ་སྐྱེད་ཀྱི་ཡོད་དུས། བྱ་མི་འོས་པ་སྡིག་པའི་ལས་ཡིན་པར་མ་ཟད། ཁྲིམས་དང་འགལ་བའི་ལས་ཀྱང་ཡིན་པས་དེའི་འབྲས་བུ་སྡུག་བསྔལ་ཁོ་ན་ཡིན། དེ་བཞིན་དུ་བོད་ཀྱི་གནའ་རྫས་དང་ཐུན་མོང་མ་ཡིན་པའི་སྐྱེ་དངོས། སྐུ་གསུང་ཐུགས་རྟེན་རྩ་ཆེན་སོགས་ཁྱད་ནོར་རྣམས་དངུལ་དངོས་ཅུང་ཟད་ཙམ་གྱི་ཆེད་བརྐུ་བ་དང་ཕྱི་ཚོང་བྱེད་པ་ནི་བོད་ཀྱི་བང་མཛོད་སྟོང་པར་བཟོ་བའི་ཇུས་ངན་ཞིག་ཡིན་པ་ཤེས་པར་བྱས་ཏེ་བདག་ཉར་དང་གཅེས་སྲུང་བྱེད་དགོས་པའི་འགན་ཡང་ང་ཚོ་ཀུན་ལ་ཡོད།
    དེང་སང་ནང་རྐུ་དང་ཕྱི་རྐུ་ཟེར་བ་དང༌། བོད་མི་རིགས་དང་རྒྱ་མི་རིགས་ལ་བརྐུས་པར་སྡིག་པ་ཆེ་ཆུང་གི་ཁྱད་པར་ཡོད་པ་ལྟ་བུའི་བསམ་ཚུལ་རེ་ཡོད་སྲིད་ནའང༌། ལྷ་སྡེའི་ནང་གི་མིའི་ནོར་ལོངས་སྤྱོད་ལ་འཚེ་བ་དང་ལྷ་སྡེ་མ་ཡིན་པའི་མིའི་ནོར་དང་ལོངས་སྤྱོད་ལ་འཚེ་བ་གཉིས་ཀ་འཚེ་བའི་ལས་ཡིན་པ་གཅིག་མཚུངས་རེད། དེ་བཞིན་དུ་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀའི་ཟས་ནོར་ལོངས་སྤྱོད་གང་ལ་འཚེ་ནའང་འཚེ་བའི་ལས་ཡིན་པ་ཁྱད་མེད་ཡིན་པས་སུ་ཞིག་གིས་ཟས་ནོར་ལོངས་སྤྱོད་བརྐུས་ན་སྡིག་པ་ཡོད་པ་གཅིག་མཚུངས་ཡིན། དེང་སང་འགའ་ཤས་ཀྱིས་ནང་རྐུ་བཅད་ཡོད་ཕྱི་རྐུ་བཅད་མེད་ཟེར་དུས་ཕྱོགས་གཅིག་ལ་རྐུ་ཆོག་པའི་རྒྱབ་སྐྱོར་བྱས་པ་ལྟ་བུའམ་ལྷ་སྡེའི་ནང་རྐུན་མ་ཤིན་ཏུ་མང་པོ་ཡོད་པའི་ངན་རྟགས་ཕྱི་ལ་ཐོན་པ་ཞིག་མ་ཡིན་ནམ།
    བརྐུ་བྱེད་ཀྱི་མ་རེད་བླ་མའི་ལྷ་སྡེ་རེད། མི་གསོད་ཀྱི་མ་རེད་བླ་མའི་ལྷ་སྡེ་རེད། རྫུན་བཤད་ཀྱི་མ་རེད་བླ་མའི་ལྷ་སྡེ་རེད། བཙན་གཡེམ་བྱེད་ཀྱི་མ་རེད་བླ་མའི་ལྷ་སྡེ་རེད༌། ཕྱི་ནང་བརྗེ་ཡི་མ་རེད་དེར་སྐྱབས་བཅོལ་ཆོག་གི་རེད་བླ་མའི་ལྷ་སྡེ་རེད། ཆང་འཐུང་ཞིང་ཤོ་དང་རྒྱན་པོ་བརྒྱབ་ནས་ཉིན་མཚན་འདའ་བཞིན་སྡོད་ཀྱི་མ་རེད། ཆོས་ལ་དགའ་ཡི་རེད། ཡ་རབས་སྤྱོད་བཟང་ཡོད་པའི་ལྷ་སྡེ་རེད་ཅེས་མང་ཚོགས་ཀྱིས་བརྩི་བཀུར་ཞུ་ས་ཞིག་ཡིན་ན་བླ་མའི་ལྷ་སྡེ་ཡིན་པའི་རྟགས་རེད། དེ་ལྟར་མིན་པར་བླ་མའི་ལྷ་སྡེ་ཡིན་དུས། བཙན་པོ་རེད། གཉན་པོ་རེད། ལག་པ་ཐུག་ཉན་གྱི་མ་རེད། དེའི་རྒྱབ་ན་བླ་མ་དང་དགོན་པ་གྲྭ་ཚང་ཡོད་པ་རེད་ཟེར་བ་ལྟ་བུའི་བསྟོད་མི་ཤེས་པས་བསྟོད་པ་བྱེད་ཚུལ་འདི་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་སྲོལ་རྒྱུན་རུལ་བའི་གྲས་རེད། ཉམ་ཆུང་ཚུལ་མཐུན་དང་ཕྱི་མི་ཚོ་དོགས་འདྲོགས་མི་དགོས་སའི་ཡ་རབས་སྤྱོད་བཟང་ཅན་ཞིག་ཡིན་ན་ང་ཚོ་ལྷ་སྡེ་དཀར་པོ་ཡིན་ཞེས་མི་ལ་བཤད་ནའང་ངོ་གནོང་དགོས་ཀྱི་མ་རེད།
    བླ་མའི་ལྷ་སྡེ་ཡིན་པའི་མི་ཞིག་འགྲོ་ཡི་འདུག གཟབ་གཟབ་བྱེད་དགོས། རྐུ་ཤོར་ཡོང༌། འཛིང་རེས་ཤོར་ཡོང་ཞེས་དོགས་ཟོན་བྱེད་ས་ཞིག་ཏུ་གྱུར་ན་བླ་མ་དང་ལྷ་སྡེ་གཉིས་ཀའི་ཞབས་འདྲེན་རེད།
    ལྷག་པར་དེང་སང་ས་གནས་འགའ་ཞིག་ཏུ་རྟ་ནོར་ལུག་གསུམ་སོགས་རྐུ་ལ་ཤོར་ནས་རྐུན་མ་ངོས་ཟིན་པའི་སྐབས། རྐུན་མ་བཙན་པོ་དང་གཉན་པོར་གྱུར་ནས་དེ་ལ་ཉེས་ཆད་གཅོད་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་རང་གི་རྒྱུ་ནོར་ནས་རྐུན་མ་ལ་བརྐུས་གླ་ལྟ་བུ་སྦྱིན་དགོས་པའི་སྲོལ་ཤིན་ཏུ་ངན་པ་ཞིག་དར་བཞིན་པ་འདི་ནི་ཆེས་མི་འོས་པའི་བྱ་སྤྱོད་ཡིན་པས་ངན་པ་གཉའ་རེངས་དུ་བཅུག་པ་སྟེ་དབང་སྐུར་མི་ཉན།
མ་བྱིན་ལེན་གྱི་སྡིག་པ་ཆེ་ཤོས་ནི། ཆེས་དབུལ་ཕོངས་དང༌། ནད་གཅོང༌། རྒས་འཁོགས། མགོན་མེད་དང་སྐྱབས་མེད་ཀྱི་རྒྱུ་དངོས། ཆེས་རིན་ཐང་ཆེ་བ་དང༌། ཆེས་དཀོན་པ། མི་མང་ཆེས་མང་པོར་ཕན་པའི་དངོས་པོ། སྤྱི་པའི་ནོར་རྫས། མི་མང་གི་རྒྱུ་དངོས། རྒྱལ་ཁབ་ཀྱི་རྒྱུ་དངོས། དཀོན་མཆོག་ལ་ཕུལ་བའི་རྒྱུ་དངོས་སོགས་ཀུན་སློང་ངན་པས་འཕྲོ་བརླག་ཏུ་བཏང་བ་དང་བརྐུས་པ་གཉིས་ཀ་གཅིག་མཚུངས་ཡིན་པས་སྡིག་པ་ལྷག་པར་ཆེ།
མ་བྱིན་པ་བླངས་པའི་འབྲས་བུ་ནི། གཞན་གྱི་རྒྱུ་ནོར་ལོངས་སྤྱོད་བརྐུས་པས་ཚེ་འདིའི་བསོད་ནམས་རིམ་བཞིན་ཉམས་པ་དང༌། ཚོང་ལས་སོགས་ཀྱི་བྱ་བ་གང་བྱས་ཀྱང་ལམ་དུ་མི་འགྲོ་བ། ཟས་ནོར་ལོངས་སྤྱོད་ཀྱིས་མི་འདང་བར་མྱུར་དུ་ཟད་འགྲོ་བར་མ་ཟད། རང་གི་མཛའ་བོས་བསླུ་བ་དང༌། རྐུན་མ་དང་ཁ་མཆུ་སོགས་ཀྱི་གནོད་འཚེ་མང་བ། ལོ་ཏོག་དང་རྩྭ་སོགས་སྐྱེས་མི་བཟང་བ། ནོར་ཕྱུགས་མི་འཕེལ་བ་དང་ནད་མང་བ། ནོར་སྒྲུབ་དང་གཡང་འགུག་སོགས་ཀྱི་ཞབས་རིམ་ལ་ཇི་ལྟར་འབད་ཀྱང་ཟས་ནོར་ལོངས་སྤྱོད་མི་འཕེལ་བར་མ་ཟད་བཀྲག་མདངས་དང་གཟི་བརྗིད་ཉམས་འགྲོ་བ། ཡིད་མི་བདེ་བ་ངང་གིས་འཕེལ་བ་སོགས་འབྲས་བུ་སྡུག་བསྔལ་མ་གཏོགས་ཡོང་རྒྱུ་མེད། སྐབས་འགར་ཚེ་འདིར་སྔོན་བསགས་བསོད་ནམས་ཀྱི་འབྲས་བུར་ལོངས་སུ་སྤྱོད་རྒྱུ་ཕྲན་བུ་ལྷག་ཡོད་པས་བརྐུས་པའི་འབྲས་བུའི་སྡུག་བསྔལ་ལམ་སང་མ་མྱོང་ནའང་སྐྱེ་བ་གཞན་ཞིག་ཏུ་རྣམ་སྨིན་གྱི་སྡུག་བསྔལ་མ་མྱངས་པར་ཐར་ས་མེད་པར་མ་ཟད། ཚེ་འདིར་ཁྲིམས་ཀྱི་འཇིགས་པའང་ཡོང་སྲིད་པས་རྐུ་ནམ་ཡང་བྱེད་མི་རུང༌།།

Share this:
༡༩༠༧ ཀློག་གྲངས།