དབུ་མའི་ལམ་དང་མཆོད་འབུལ་སྨོན་ལམ།

གཡག་རྒན་ཐོད་དཀར། ཡོ་རོབ།
དེང་གི་ཆར་བོད་དུ་བོད་མི་ཚོས་རང་ལུས་མེར་བསྲེག་གནང་ཡོད་མེད་ནི་བཙན་བྱོལ་དུ་རྒྱལ་གཅེས་དཔའ་བོ་ཕོ་མོ་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་ཀྱི་ཡོད་མེད་ནས་ཤེས་ཐུབ་པ་ཞིག་ཡིན། དེར་བརྟེན་རང་ལུས་མེར་བསྲེག་གནང་མཁན་ཚོའི་རེ་འབོད་ཀྱང་མཆོད་འབུལ་སྨོན་ལམ་ཡིན་པ་ལྟ་བུར་གྱུར་ཡོད།

སྤྱིར་བཏང་རང་ལུས་མེར་བསྲེག་ནི་བོད་མི་ཚོའི་འུ་ཐུག་ཐབས་ཟད་ཀྱི་ལམ་ནས་སྤེལ་བའི་ལས་འགུལ་ཞིག་ཏུ་ངོས་འཛིན་མཁན་ཡོད་ལ། ཡང་བོད་བཙན་པོའི་སྙིང་སྟོབས་སླར་ཡང་མདོ་ཁམས་སྟོད་སྨད་གཉིས་ནས་གསོ་བ་ཞིག་ཏུ་ངོས་འཛིན་མཁན་ཡང་ཡོད། གང་ལྟར་ལོ་འགའི་གོང་དུ་རང་ལུས་མེར་བསྲེག་གི་གནས་ཚུལ་བྱུང་འདུག་ཟེར་དུས་བོད་མི་ཚོའི་ལུས་སེམས་གཉིས་ལ་ན་ཟུག་དྲག་པོ་གཏོང་གི་ཡོད་མོད། ད་ལྟ་རང་ལུས་མེར་བསྲེག་བཏང་འདུག་ལབ་ན་ཤ་ཚ་ཟེར་བ་ཙམ་ལས་དམིགས་བསལ་སེམས་འགུལ་ཤུགས་དྲག་མེད་པའི་རྣམ་པ་མངོན་གྱི་ཡོད།

དེང་གི་ཆར་དབུས་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྡེ་རེ་ཟུང་གིས་རང་ལུས་མེར་བསྲེག་བཏང་བ་ཚོའི་ཆེད་དུ་གསར་འགོད་གསལ་བསྒྲགས་དང་ལྷན་དུ་སྨོན་ལམ་མཆོད་འབུལ་ཞིག་བྱེད་ཀྱི་ཡོད་མོད། སྔར་ཡིན་ན་བོད་དུ་ཛ་དྲག་གི་གནས་ཚུལ་བྱུང་རིམ་བཞིན་དང་། དམིགས་བསལ་ཆབ་སྲིད་ཀྱི་གོ་སྐབས་ཐོན་རིམ་བཞིན་བཙན་བྱོལ་ནང་གི་རྒྱ་རྒོལ་ལས་འགུལ་མང་ཆེ་བའི་དབུ་ཁྲིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གནང་ཡོད། འོན་ཀྱང་ཚོགས་པ་དེ་ཡང་དབུ་མ་ནང་རྩོད་པ་ཚོས་དུམ་བུ་གཉིས་སུ་བཏང་སྟབས། ད་ཆ་ཚོགས་པ་འདི་ལ་ཡང་བཙན་བྱོལ་ནང་རྒྱ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་པར་དོན་གྱི་ནུས་ཤུགས་མེད་པའམ་ནུས་ཤུགས་ཧ་ཅང་ཆུང་ཆུང་ཆགས་ཡོད། དེ་འདྲའི་གནས་སྟངས་ཤིག་གི་འོག་ཏུ་བཙན་བྱོལ་དུ་རྒྱ་རྒོལ་ལས་འགུལ་ཧ་ལམ་བག་ལ་ཞ་བར་གྱུར།
འདི་ལྟར་བརྗོད་དོན་ནི་དབུས་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་རྒྱ་རྒོལ་ཚོགས་སྡེ་ཞིག་ཏུ་ངོས་འཛིན་དཀའ་བས་ཡིན། རྒྱུ་མཚན་ནི་ཚང་མས་ཤེས་གསལ་ལྟར་དབུས་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་དག་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དེའི་རྩ་ཁྲིམས་ལ་བརྩི་བཀུར་གྱིས་ད་ཆ་མཐུན་ཕྱོགས་ཆགས་ཡོད་ལ། ཐ་ན་དེང་རབས་འཇིག་རྟེན་མང་གཙོའི་ལམ་ལུགས་ཀྱི་ལྡོག་ཟླ་དམར་པོ་གཅིག་སྡུད་ལམ་ལུགས་ལ་ཤར་བསྐྱོད་བྱེད་རྒྱུར་དམ་བཅས་ནས་ཡོད་པས་རེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། དེའི་ཁྲིམས་ལུགས། དབུ་ཁྲིད་བཅས་ཀྱི་ངོས་ནས་བཤད་ན་རང་ལུས་མེར་བསྲེག་གཏོང་མཁན་དག་ནི་རྒྱལ་ཁབ་ཁ་བྲལ་དུ་གཏོང་མཁན་གྱི་ཚད་མཐོའི་ཆབ་སྲིད་ཉེས་ཅན་པར་གྱུར་ཡོད་ལ། བཙན་བྱོལ་བོད་མིའི་གཞུང་དང་།  གཞུང་འབྲེལ་མ་ཡིན་པ་དག་ཀྱང་རྒྱ་ནག་ཁ་བྲལ་གཏོང་བའམ་བོད་རང་བཙན་རྩོད་ལེན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་ཡོད་པས། རྒྱ་རྒོལ་རང་ལུས་མེར་བསྲེག་གཏོང་མཁན་ཚོར་རྒྱ་རྒོལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་གང་ཡང་དོན་དམ་པར་བྱེད་ཀྱི་མེད། དེར་བརྟེན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་མི་འབོར་དང་། དཔལ་འབྱོར། དམག་དོན། ས་ཁམས་བཅས་པའི་སྟོབས་ཤུགས་ཀྱི་མདུན་དུ་ཆབ་སྲིད་ཀྱི་ཐོག་ནས་དམིགས་ཡུལ་མེད་པའི་འཐབ་རྩོད་བྱེད་འདོད་མེད་པ་དང་། བོད་མིའི་སྒྲིག་འཛུགས་དང་། བོད་མིའི་དབུ་ཁྲིད་ཁག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་གཅིག་གྱུར་ལ་ངོས་ལེན་གྱིས་རྒྱ་ནག་ནང་ཁུལ་གྱི་ཁྲིམས་ལུགས་ཐོབ་ཐང་ཙམ་དགོས་པའི་དགོས་འདུན་འདོན་པ། དེ་ལ་བོད་མི་ཚོས་ངོས་ལེན་ཐོབ་ཆེད་ཐ་ན་བོད་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་མིན་ཡང་དོགས་སློང་བྱེད་པ་དང་། ཐ་ན་ད་ལྟའི་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་ནི་བློ་མཐུན་ཞི་ཅིན་ཕིན་དུ་གྱུར་ཡོད་པ་ཤེས་ཀྱི་ཡོད་སྟབས། ད་ཆ་རྒྱ་ནག་གི་ནང་སྲིད་གནད་དོན་དུ་གྱུར་པའི་བོད་མིའི་གནད་དོན་ལ་སྤྲོ་བ་མེད་པ་དང་རིན་ཐང་མེད་པར་གྱུར་ཡོད། དེར་བརྟེན་བོད་ནང་གི་རང་ལུས་མེར་བསྲེག་གཏོང་མཁན་ཚོ་དང་། རྒྱ་རྒོལ་འཐབ་རྩོད་པ་ཚོ་ནི་རྒྱལ་སྤྱིའི་དཀྱིལ་འཁོར་དང་། རྒྱ་ནག་གི་དཀྱིལ་འཁོར། བོད་མིའི་དཀྱིལ་འཁོར་བཅས་སུ་ཆབ་སྲིད་འཐབ་རྩོད་ཁྲོད་ཁྲིམས་འགལ་དང་། རིན་ཐང་མེད་པའི་རྙོག་གླེང་འཐོལ་པ་ཞིག་ཏུ་གྱུར་ཡོད་པར་བརྗོད་མཁན་ཡོད།

འོན་ཀྱང་ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། དབུ་ཁྲིད་ཚོས་རང་ལུས་མེར་བསྲེག་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འབོད་སྒྲ་ཞིག་སྟེ། ༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་ཐུབ་ཐབས་ཀྱི་འབོད་སྒྲ་འམ། དབུ་མའི་ལམ་གྱི་བོད་རིགས་ཡོངས་ལ་རྒྱ་ནག་གི་རྩ་ཁྲིམས་འོག་གི་ཐོབ་ཐང་རྩོད་པ་བོད་མི་མང་གི་རེ་འདུན་ཡིན་པའི་སྒྲུབ་བྱེད་དུ་གྱུར་ཡོད། དེ་ལ་ཁག་ཅིག་གིས་ཟེར་ན། རང་ལུས་མེར་བསྲེག་ནི་བླ་སློབ་འདུ་འཛོམས་ཀྱི་འབོད་སྒྲ་ཞིག་ཡིན་ཟེར་ལ། འགྲེལ་བརྗོད་འདི་ལྟར་བྱེད་མཁན་ཚོས་བོད་དོན་ནས་ཆོས་དད་རང་དབང་གི་གནད་དོན་དུ་གྱུར་པ་ཡིན་པས། སྔ་ས་ནས་བོད་དོན་དེ་ཆོས་ལུགས་འཐབ་རྩོད་ཅིག་ཡིན་པ་གསལ་སྟོན་བྱས་པ་ཙམ་རེད་ཟེར། མ་ཟད་ད་དུང་ཁོང་ཚོས་ད་ཆ་སོ་སོའི་རྒྱལ་ཁབ་དགྲ་ལ་ཤོར་སྐབས་ནས་འགོ་བཙུགས་པའི་ཆབ་སྲིད་ཀྱི་འཐབ་རྩོད་དེ་རང་ཡུལ་རང་བདག་མི་དགོས་ཟེར་བར་གྱུར་པ་རེད་ཟེར། མ་ཟད་འདི་ནི་རྒྱ་ནག་གིས་བོད་ལ་ཁྱོན་ཡོངས་ཀྱི་ཐོག་ནས་ཡག་པོ་བྱས་ཡོད་པའི་རྟགས་མཚན་ཞིག་རེད་ཟེར། གང་ལྟར་བོད་རང་བཙན་ག་དུས་ཤོར་མིན་ཤེས་མཁན་ཧ་ཅང་ཉུང་བའི་བོད་མི་ཚོ་ཆོས་དད་ཧ་ཅང་ཆེ་སྟབས་ཆོས་ལུགས་དད་མོས་རང་དབང་དང་། བླ་སློབ་འདུ་འཛོམས་བྱུང་ན་འགྲིག་པར་འདོད་ཀྱི་ཡོད་པའི་གནས་སྟངས་ཤིག་ཇེ་གསལ་དུ་འགྱུར་བཞིན་ཡོད་ཟེར།

ཡིན་ནའང་འདས་པའི་མི་ལོ་སུམ་བཅུ་ལ་ཉེ་བའི་ནང་འཚར་ལོང་བྱུང་དང་འབྱུང་བཞིན་པའི་མི་རབས་ཁྲོད་ཆོས་ལུགས་གཙོ་བོར་བཟུང་བའི་གོང་གསལ་འགྱུར་བ་དེ་དག་ལ་མོས་མཐུན་མེད་པ་དང་། ཐ་ན་བོད་ཀྱི་གནས་སྟངས་འདི་འདྲར་གྱུར་དོན་ཡང་ཆོས་ལུགས་ཤུགས་ཆེ་དྲག་པས་ཡིན་པ་ངོས་འཛིན་གྱིས། བོད་དུ་དར་བའི་ནང་ཆོས་མཐར་འབུད་གཏོང་ཐབས་དང་། མ་མཐའ་ཡང་འཚོ་བ་དངོས་ཀྱི་ཁྲོད་དུ་ནང་ཆོས་དང་ཐག་ཇེ་རིང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་ནི་ཧ་ཅང་གསལ་པོར་གྱུར་སྟབས། བཙན་བྱོལ་དང་བོད་ནང་དུ་ནང་ཆོས་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་དོན་ཞིག་ཚ་ཚ་འུར་འུར་ངང་སྤེལ་དང་སྤེལ་བཞིན་ཡོད། སྡེ་ཁག་འདི་གཉིས་ཀྱི་འཐབ་རྩོད་དེ་ག་དུས་མཇུག་སྒྲིལ་མིན་བཤད་མི་ཐུབ་མོད། རང་ལུས་མེར་བསྲེག་གིས་མཚོན་པའི་བོད་ཀྱི་གནད་དོན་ལ་ཕྱོགས་གཉིས་ཀྱི་སུ་ཤུགས་ཆེ་བར་གྱུར་ན་དེས་བོད་ཀྱི་གནད་དོན་དེ་མཐའ་མའི་ཐག་གཅོད་བྱེད་ངེས་རེད་ཟེར།

གང་ལྟར་ད་ལྟའི་གནས་སྐབས་སུ་མཆོད་འབུལ་གྱི་ཁྲོད་ནས་རང་ལུས་མེར་བསྲེག་གི་གནད་དོན་དང་། ཆབ་སྲིད་རང་བཞིན་གྱི་ཐོག་ནས་གླེང་མི་འདོད་པའི་ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་གྱེན་ལངས་ཆེན་མོ་སོགས་ནི་ཆབ་སྲིད་ཀྱི་གནད་དོན་ནས་ལོ་རྒྱུས་སམ་བྱུང་བ་ཙམ་དུ་གྱུར་དང་འགྱུར་བཞིན་ཡོད། དེ་བས་ལེན་མཁན་མེད་ན་དབུ་མ་དང་རང་བཙན་གང་ཡང་སྤྲོད་མཁན་ནི་མི་སྲིད་པའི་དོན་དངོས་དེས། ད་ཆ་དབུ་མའི་ལམ་དང་མཆོད་འབུལ་ནི་གནས་སྐབས་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པ་ར་སྤྲད་ཡོད།།

Share this:
༡༧༡ ཀློག་གྲངས།