ཚན་རིག་སློབ་སྦྱོང་དེ་༧གོང་ས་མཆོག་གི་དགོངས་གཞི་གལ་ཆེན་ཞིག་ཆགས་ཡོད།

ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་གོ་སྒྲིག་འོག “མིག་དབང་དང་མིག་ཤེས།   དབྱིབས་དང་ཁ་དོག་”ཅེས་པའི་བརྗོད་གཞིིའི་ཐོག་ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ཞིག་དགའ་བྱང་སློབ་གྲྭའི་ཚོགས་ཁང་ནང་འཚོགས་ཡོད་པ་རེད།

ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་པོ་མཁན་ཟུར་དང་དགེ་སྐོས་དགེ་བཤེས་ཁག་ཅིག གཞན་ཡང་གདན་ས་གྲྭ་ཚང་ཁག་གི་ཚན་རིག་འགན་འཛིན་དང་སློབ་གཉེར་བ་རྣམ་པ།   ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་མ་བཅས་མི་གྲངས་༡༣༠ ཙམ་མཉམ་ཞུགས་བྱས་ཡོད་པ་རེད།

science meeting 2015  02 04དེ་ཡང་ཐོག་མར་དགའ་བྱང་དགེ་སྐོས་བསྟན་འཛིན་ཆོས་འཕག་གིས་ཐེངས་འདིའི་ཚན་རིག་བགྲོ་གླེང་དང་འབྲེལ་གསུང་བཤད་གནང་དོན། “ཚན་རིག་སློབ་སྦྱོང་བྱེད་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་གལ་ཆེན་ཞིག་ཆགས་ཡོད་པ་རེད།   དགོངས་གཞི་དེ་གུས་བཀུར་དང་ལེན་གྱི་ཐོག་ནས་གྲུབ་འབྲས་བླ་ན་མེད་པ་མིག་མཐོང་ལག་ཟིན་གྱིས་མཐོང་རྒྱུ་ཡོད་པ་དེ་ང་རང་ཚོས་༧གོང་ས་མཆོག་གིས་བླ་ན་མེད་པའི་དགོངས་གཞིའི་ཆ་ཤས་ཤིག་བསྒྲུབ་ཐུབ་ཡོད་པ་རེད། མ་འོངས་པ་ཡིན་ན་ཡང་འདི་ལྟ་བུའི་སྤྱིར་བཏང་དགའ་ལྡན་བྱང་རྩེ་གྲྭ་ཚང་ཚན་རིག་སྡེ་ཚན་གྱི་ངོས་ནས་མང་ཚོགས་ནང་ཚན་རིག་རྒྱ་བསྐྱེད་གཏོང་རྒྱུའི་ནུས་ཤུགས་འདོན་རྒྱུ་ཡོད་པ་རེད། དཔེར་ན་གྲྭ་ཚང་ནང་དུ་ཡིན་ན་ཡང་ཟླ་རེའི་ནང་བོད་ཀྱི་གསར་འགྱུར་ངོ་སྤྲོད་དང་འབྲེལ་གྲྭ་མང་ལ་ཚན་རིག་ངོ་སྤྲོད་བྱེད་རྒྱུ་དང་།   དེ་བཞིན་ཚན་རིག་གི་ཐོག་ལ་རྩོམ་འབྲི་རྒྱུ་དང་། འདི་ལྟ་བུའི་བགྲོ་གླེང་འཚོགས་རྒྱུ་ལ་སོགས་པའི་ལས་འགུལ་འདྲ་མིན་སྤེལ་རྒྱུའི་འཆར་གཞི་འགྲོ་བཞིན་པ་རེད་འདུག དེ་ཚོའི་ཐོག་ལ་འབྱུང་འགྱུར་ཡང་མུ་མཐུད་ནས་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་། དེའི་ཐོག་ལ་གྲྭ་ཚང་དང་མཁན་རིན་པོ་ཆེ། ལྷག་པར་དུ་ཤེས་ཡོན་ཚོགས་ཆུང་གི་ངོས་ནས་རྒྱབ་སྐྱོར་གང་ཡག་བྱེད་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ལ། ང་རང་དགེ་སྐོས་ངོས་ནས་ཡིན་ན་ཡང་སྤྱི་སྒེར་གཉིས་ངོས་ནས་རྒྱབ་སྐྱོར་ག་རེ་ཞུ་དགོས་བྱུང་ན་ཞུ་རྒྱུའི་འདུན་པ་ཤུགས་དྲག་ཡོད་”ཅེས་སོགས་གསུངས་སོང་།

science meeting 2015  02དེ་ནས་དགའ་ཤར་དགེ་བཤེས་བྱང་ཆུབ་སངས་རྒྱས་ཀྱིས་ནང་པ་སངས་རྒྱས་པའི་གཞུང་ནས་བཤད་པའི་དབྱིབས་དང་ཁ་དོག་གི་སྐོར་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་དང་དོགས་འདྲིར་ལན་འདེབས་གནང་།   འབྲས་སྒོ་མང་ཚན་རིག་འཛན་ཤེས་རབ་བསྟན་འཛིན་དང་བློ་གླིང་ཚན་རིག་འགན་འཛིན་ལྕོག་རི་དགེ་ལེགས་རྒྱ་མཚོ་གཉིས་ཀྱིས་རིམ་པས་ནུབ་ཕྱོགས་ཙན་རིག་པས་བརྗོད་དོན་ལྟར་ཁ་དོག་གི་བྱུང་རིམ་དང་དེའི་ངོ་བོ་གང་ཡིན་དང་།   ཁ་དོག་གི་དབྱིབས་ཇི་ལྟར་བྱུང་སྟངས་བཅས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་སོགས་བགྲོ་གླེང་གནང་།   ཕྱི་དྲོ་དགའ་བྱང་དགེ་བཤེས་དབྱི་ས་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོས་ནང་པའི་ཆོས་གཞུང་ནས་བཤད་པའི་མིག་དབང་དང་མིག་ཤེས་བཅས་ཀྱི་སྐོར་ལ་ངོ་སྤྲོད་གཏམ་བཤད་གྲུབ་པ་དང་།   དགའ་བྱང་ཚན་རིག་སློབ་ཐོན་པ་ཡེ་ཤེས་རྡོ་རྗེ་དང་ཡེ་ཤེས་རྒྱ་མཚོ་གཉིས་ནས་རིམ་པས་མིག་གི་བྱུང་རིམ་དང་དེའི་ཆ་ཤས་གྲུབ་ཚུལ།   མིག་དབང་ནས་ཀླད་པར་བརྡ་འཕྲིན་ཇི་ལྟར་འགྲོ་མིན་བཅས་ཀྱི་སྐོར་ལ་ངོ་སྤྲོད་གཏམ་བཤད་དང་མི་མང་དབར་དྲི་བ་དྲིས་ལན་བཅས་ཆོས་ཚན་ཟུང་འབྲེལ་ཐོག་བགྲོ་གླེང་ལྷུག་པོར་གནང་སོང་།

science meeting 2015  02 0ཉིན་འདིའི་བགྲོ་གླེང་དང་འབྲེལ་བའི་སྐོར་ལ་དགའ་བྱང་ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་དར་རྒྱས་ལ་ལྷན་ཚོགས་དེའི་སྐོར་ལ་གསར་འགོད་པས་བཅར་འདྲི་ཞུས་པར། “འདིར་ལྟར་ཆོས་ཚན་ཟུང་འབྲེལ་ཐོག་བགྲོ་གླེང་བྱེད་དགོས་པའི་དམིགས་ཡུལ་དྷ་རམ་ས་ལ་གཙོས་ཕྱོགས་མཐའ་ཁག་ནས་སློབ་ཕྲུག་མང་པོ་ཞིག་དགུན་ཁའི་གུང་སེང་ལ་གདན་ས་གྲྭ་ཚང་ཁག་ཏུ་ཕེབས་ཡོད་པ་རེད།   དེ་འདྲ་ཡིན་དུས་སློབ་ཕྲུག་ཚོའི་སློབ་ཡུན་གུང་སེང་དང་སྟབས་བསྟུན་ནས་དུས་རབས་དང་མཐུན་པའི་ཤེས་ཡོན་གྱི་གོ་རྟོགས་སྤེལ་སླད་དུ་ནང་པ་སངས་རྒྱས་པའི་ཆོས་གཞུང་ནས་བཤད་པའི་མིག་གི་དབང་ཤེས་དང་དབྱིབས་དང་ཁ་དོག་གི་སྐོར་ལ་གང་འདྲ་བཤད་ཀྱི་ཡོད་མེད་དང་ཚན་རིག་པའི་ངོས་ནས་གང་འདྲ་འབྲེལ་བཤད་རྒྱག་གི་ཡོད་མེད་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།   བགྲོ་གླེང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་དུས་རྒྱུན་༧གོང་ས་མཆོག་གིས་ང་ཚོ་བོད་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་གནས་ཡོང་པའི་ཆེད་དུ་གདན་ས་ཁག་ཏུ་ཡང་ཚན་རིག་གསར་འཛུགས་དང་དེང་དུས་ཀྱི་ཤེས་བྱ་ལ་དོ་སྣང་དགོས་ཀྱི་འདུག་ཅེས་བཀའ་སློབ་སྔ་ཕྱི་རིམ་པར་ཕེབས་ཡོད་པ་རེད།   དེ་འདྲ་ཡིན་ཙང་༧གོང་ས་མཆོག་གིས་བཀའ་དགོངས་ཀྱི་ཆ་ཤས་ཙམ་བསྒྲུབ་པའི་ཆེད་དུ་དམིགས་ནས་ཐེངས་འདིའི་ཆོས་ཚན་ཟུང་འབྲེལ་གྱི་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཡིན་ལ། མ་འོངས་པར་ང་རང་ཚོ་ཚང་མའི་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གྱི་དགོངས་དོན་ཐམས་ཅད་ཚུལ་བཞིན་དུ་སྒྲུབ་ཐུབ་ཐབས་ལ་ངེས་པར་དུ་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།  །ལྷོག་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

 

 

Share this:
༤༣ ཀློག་གྲངས།