ཁོར་ཡུག་སྲུང་སྐྱོབ་ལ་ཆབ་སྲིད་ཀྱི་ཞྭ་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༨ ཕྱི་ལོ་ ༢༠༡༥/༢/༤
བོད་ནང་དུ་རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་ཁོར་ཡུག་ལ་གཏོར་སྐྱོན་ཚད་ལས་བརྒལ་བ་གཏོང་བཞིན་ཡོད་པ་དང། བོད་མི་རྣམས་ཀྱིས་ཁོར་ཡུག་མི་ཙམ་དུ་མ་ཟད་སྲོག་ཆགས་ཡོངས་ཀྱི་འཚོ་གནས་གཙོ་བོ་ཡིན་པས་ངེས་པར་དུ་སྲུང་སྐྱོབ་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ནའང། རྒྱ་གཞུང་གིས་ཉན་འཇོག་གཏན་ནས་མེད་པར་ཆབ་སྲིད་དང་ཁ་བྲལ་གྱི་ལས་འགུལ་དུ་ཁ་བསྒྱུར་ནས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་འདུག སྤྱི་ཡོངས་ནས་ད་ལྟའི་ཆར་འཛམ་བུའི་གླིང་འདིར་ཕྱི་དངོས་པོའི་ཡར་རྒྱས་ཆེ་རུ་འགྲོ་བཞིན་པ་ལྟར། བོད་ནང་དུའང་རྒྱ་གཞུང་གི་ངོས་ནས་གོ་ལ་ཧྲིལ་པོའི་འགྱུར་འགྲོས་དང་བསྟུན་ནས་ཡར་རྒྱས་བཏང་ཡོད་པ་རེད། འོན་ཀྱང་དེའི་ཞོར་དུ་གཏེར་ཁ་སྔོག་འདོན་དང། ཤིང་ནགས་གཅོད་འབྲེག་སོགས་ལ་བརྟེན་ཁོར་ཡུག་གཏོར་སྐྱོན་བཏང་བ་ནི་ཡར་རྒྱས་ཅུང་ཙམ་བཏང་བ་དེ་དང་བསྡུར་ཐབས་གཏན་ནས་མེད་པར་དེ་བས་ཉེན་ཚབས་ཧ་ཅང་ཆེ་བ་རེད།

རྒྱ་དམར་གཞུང་གི་ངོས་ནས་བོད་ལ་འཛིན་པའི་སྤྱི་ཡོངས་ཀྱི་སྲིད་བྱུས་དང། དེ་བཞིན་ས་གནས་ཀྱི་དམར་ཤོག་ལས་བྱེད་པ་དང་ཚོང་པ་རྣམས་ཁ་མཐུན་གྱིས་གཏེར་ཁ་སྔོག་འདོན་བྱས་ཏེ་ཁོར་ཡུག་ལ་འབག་བཙོག་བཟོས་པ་ཆུ་དུག་ཅན་དུ་གྱུར་པ་དང། རི་སྐྱེས་སེམས་ཅན་དང། བདག་ཡོད་སེམས་ཅན་མང་པོའི་སྲོག་ཤོར་བས་ས་གནས་བོད་རིགས་མི་མང་གིས་དེ་ལ་ངོ་རྒོལ་བྱེད་སྐབས། སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ཞྭ་ནག་ཅིག་གཡོགས་ཆོག་ཆོག་ཡོད་པ་ནི། བོད་རང་བཙན་དོན་གཉེར་བ་དང་རྒྱ་ཁབ་བྲལ་གཏོང་མཁན་རེད་ཅེས། རྒྱུ་མཚན་བཤད་ས་གང་ཡང་མེད་པར་བཙོན་འཇུག་བྱས་ནས་ཉེས་རྡུང་གཏོང་བཞིན་ཡོད། དེར་བརྟེན་ད་ལྟའི་ཆར་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་ཀྱང། ཁོར་ཡུག་སྲུང་སྐྱོབ་ཁོ་ནའི་ཆེད་དུ་ཞུ་འབོད་ཀྱི་ལས་འགུལ་སྤེལ་མཁན་ཡང་འཛིན་བཟུང་གིས་དུས་བཀག་ཁྲིམས་ཆད་གཅོད་བཞིན་ཡོད་པས། རིམ་བཞིན་བོད་ནང་གི་གཏེར་ཁ་ཡོངས་རྫོགས་རྒྱ་གཞུང་གིས་དབོར་འདྲེན་བྱས་ཟིན་རྗེས། བོད་ནང་གི་ལམ་ཁ་དང་གློག་ཙམ་ལ་བརྟེན་ནས་འཚོ་སྡོད་བྱེད་དཀའ་བ་ཞིག་རང་བཞིན་གྱིས་ཡོང་ངེས་རེད།

གཙོ་ཆེ་ཤོས་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་གྲོང་ཁྱེར་ཁག་ཏུ་བསྟར་ལ་བསྒྲིགས་པའི་ཁང་བརྩེགས་དང། འཆར་གཞི་ལྡན་པའི་སྲང་ལམ་སོགས། བཅའ་དངོས་སྣ་ཚོགས་ཀྱིས་ཁེངས་པའི་ཚོང་ཁང། རིན་ཐང་ཅན་གྱི་རླངས་འཁོར་སོགས་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དང། དེ་དག་གི་བདག་པོ་ངོ་མ་བོད་མི་རིགས་ཡིན་ནམ་རྒྱ་མི་རིགས་ཡིན་རྩད་གཅོད་ཡག་པོ་ཞིག་བྱས་ན་ཕལ་མོ་ཆེ་རྒྱ་ནག་གཞུང་འབྲེལ་དང། སྒེར་གྱི་ཚོང་པ་ཁག མི་སྒེར་བཅས་ལ་བདག་པའི་རྒྱུ་ནོར་ཡིན་པ་བཤད་མི་དགོས་པ་རེད། དེར་བརྟེན་བོད་ཡུལ་དུ་ཕྱིའི་འཛུགས་སྐྲུན་ཡོད་ཀྱང། དེའི་བདག་པོ་བོད་པ་མ་ཡིན་ན་བོད་ནང་དུ་མི་རིགས་གཞན་གྱི་གནས་གཞི་བཙུགས་ནས་བོད་རིགས་མི་མང་གི་འཚོ་གནས་ཀྱི་ཁོར་ཡུག་རྒྱ་ཆུང་དུ་བཏང་བ་ཙམ་དུ་གྱུར་ཡོད། བོད་རིགས་མི་མང་གི་ངོས་ནས་བོད་ནང་གི་ཡར་རྒྱས་དེ་དག་མཐོང་ཐུབ་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད་པར། ཡར་རྒྱས་དེ་དག་བོད་མི་རིགས་ལ་དབང་བ་ཞིག་ཏུ་གྱུར་ཡོད་ན་སྐབས་དེ་དུས་གཞི་ནས་ཡར་རྒྱས་སུ་སོང་འདུག་ཅེས་བརྗོད་ཀྱང་ཆོག་པ་ཞིག་པ་རེད།

བོད་ནང་གི་གཏེར་ཁ་ཡོངས་རྫོགས་བསྔོགས་ནས་ཁོག་སྟོང་དུ་གཏོང་བ་དང། ཞིང་འབྲོག་གཉིས་ཀའི་འཚོ་བའི་ཁོར་ཡུག་དང་ཐོན་ཁུངས་རྒྱ་ཆུང་དུ་བཏང་ནས། འཛུགས་སྐྲུན་བྱས་པ་དེ་དག་བོད་པ་བྲན་གཡོག་ཏུ་གཏོང་བའི་ལག་ཆ་ཙམ་དུ་གྱུར་སོང་ན། རིམ་པས་བོད་པའི་རིན་ཐང་ལ་བསམ་བློ་གཏོང་ཡུལ་ཞིག་ལྷག་མི་སྲིད་པ་མ་ཟད། ངོ་བོ་ཡང་འགྱུར་ནས་རྒྱ་མི་རིགས་སུ་འགྱུར་འགྲོ་ངེས་རེད། དེར་བརྟེན་སྲིད་བྱུས་འདི་དག་གཏིང་ཟབ་པ་དང་རྒྱ་ཆེན་པོ་ཞིག་ཡིན་པས། གཙོ་བོ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོག་ལ་བོད་པ་རང་ཉིད་ཀྱི་ངོས་ནས་ཤུགས་རྒྱག་ཐུབ་པར་འབད་བརྩོན་དགོས་པ་དང། སྐད་ཡིག་སྲུང་སྐྱོབ་ཀྱི་ཐོག་ལ་ཤུགས་རྒྱག་མ་ཐུབ་ན་བོད་པའི་འཚོ་ཐབས་དང་རིག་གནས་གཉིས་ཀ་དུས་ཡུན་རིང་པོ་མི་དགོས་པར་རྩ་བརླག་ཏུ་འགྱུར་འགྲོ་བས། གནས་སྐབས་ཀྱི་ཁྲ་ཁྲ་ཟིང་ཟིང་ཙམ་གྱི་ཡར་རྒྱས་ནི་བོད་མི་རིགས་ལ་ཕུགས་ཕན་རང་བཞིན་ཅན་ཞིག་ཡིན་མིན་ཐད་བསམ་བློ་རྒྱ་ཆེན་པོ་གཏོང་དགོས་པ་ཞིག་རེད།

རྒྱ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཁག་ཏུ་འཁོད་པའི་ཁོར་ཡུག་དང་འབྲེལ་བའི་སྲིད་བྱུས་ཁག་ལ་སྦྱོང་བརྡར་བྱེད་དགོས་པ་དང། དེ་བཞིན་དཔོན་རིགས་ཁག་གིས་ཁོར་ཡུག་དང་འབྲེལ་བའི་གཏམ་བཤད་ཁག་ལ་སྦྱོང་བརྩོན་དོ་སྣང་བྱས། དེ་ལ་བརྟེན་ནས་བོད་པ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེ། ཞུ་གཏུག་དང་འབོད་སྐུལ་གྱི་ལས་འགུལ་སྤེལ་བའི་སྐབས་ཀྱང་ཁོར་ཡུག་རྐྱང་པའི་འབོད་ཚིག་ལས་ཆབ་སྲིད་དང་འབྲེལ་བ་གཏན་ནས་མེད་པ་ཞིག་བྱེད་ཐུབ་ན་ཁྲིམས་ཐོག་ནས་རང་ཉིད་སྲུང་སྐྱོབ་བྱེད་པར་ནུས་པ་ཐོན་པའི་རེ་བ་རྒྱག་ཆོག་པ་ཞིག་རེད། ད་ལྟ་ཆ་འཕྲིན་གྱི་དུས་རབས་འདིར་རྒྱ་གཞུང་གི་ངོས་ནས་སྔོན་མ་ནང་བཞིན་ལྐོག་གསོད་ཀྱི་སྲིད་བྱུས་དེ་སྤྱི་ཡོངས་ནས་ལག་བསྟར་བྱེད་རྒྱུར་འགལ་རྐྱེན་མང་པོ་ཡོད། བོད་དང་འབྲེལ་བའི་ཁོར་ཡུག་ནི་བོད་པ་ཙམ་དུ་མ་ཟད། ཨེ་ཤི་ཡའི་ཁོར་ཡུག་སྤྱི་དང། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད་སྟབས་དེ་ནི་ཧ་ཅང་གལ་གནད་དུ་བརྩིས་ནས་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཡིན།།

Share this:
༣༧ ཀློག་གྲངས།