བོད་ཀྱི་སྤུས་ཀ་ཡོད་པའི་བོད་རིགས་གཙང་མ་མང་ཙམ་སྤེལ་རོགས།

ཟླ་འདིའི་ཚེས་༧ དང་༨ གཉིས་ལ་༧གོང་ས་མཆོག་གིས་མཛད་འཕྲིན་ཞོར་དུ་བོད་རིགས་རྒན་པ་དང་ཡན་ལག་བདེ་བོ་མེད་མཁན་ཚོར་མཇལ་འཕྲད་བཀའ་སློབ་དང་། བོད་རིགས་ན་གཞོན་ཚོར་ཡང་དམིགས་བསལ་གྱིས་མཇལ་འཕྲད་བཀའ་སློབ་གནང་ཡོད་པ་རེད།

H.H Basel 279དེ་ཡང་༧གོང་ས་མཆོག་གིས་སུད་སི་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཕེབས་པའི་བོད་རིགས་ཆོས་ཞུ་བ་ཚོར་སངས་རྒྱས་པའི་ཆོས་ལུགས་མ་འོངས་པར་ཡུན་གནས་དགོས་པ་དང་འབྲེལ་ནས་བོད་མིའི་མི་འབོར་ཡར་རྒྱས་གཏོང་དགོས་སྐོར་ལ་བཀའ་སློབ་གནང་དོན། “སྔོན་བོད་ཀྱི་ལོ་རྒྱུས་སུ་བོད་ལ་མི་འབོར་ས་ཡ་བཅུ་ཡོད་པ་ནས་ལོ་སྟོང་ཕྲག་གཅིག་འདིའི་རིང་ལ་མར་ཆགས་ནས་ས་ཡ་དྲུག་ཏུ་གྱུར་ཡོད་པ་རེད། དེ་ནི་གཅིག་ནས་རབ་བྱུང་བའི་སྡེ་མང་དྲགས་པ་དང་། གཞན་ཡང་བོད་ཀྱི་ས་གནས་ཁག་ཅིག་ཏུ་བུ་སྤུན་རྣམས་ལ་མནའ་མ་གཅིག་མ་གཏོགས་ལེན་སྲོལ་མེད་པ་སོགས་ཀྱི་དབང་གིས་བོད་ཀྱི་མི་འབོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད་པ་འདྲ། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་འདི་འཛིན་སྐྱོང་བྱེད་པར་མིའི་གྲངས་འབོར་དགོས་པས། བོད་རིགས་རྣམས་ཀྱིས་འདིའི་ཕྱོགས་ལ་བསམ་བློ་གཏོང་དགོས་པ་ཞིག་འདུག  ལྷག་པར་དུ་དེ་རིང་འདིར་ཡོད་པའི་ཁྱེད་རང་ཚོས་བོད་ཀྱི་སྤུས་ཀ་ཡོད་པའི་བོད་རིགས་གཙང་མ་མང་ཙམ་སྤེལ་རོགས་”ཞེས་གསུངས་སོང་།

ཟླ་འདིའི་ཚེས་༩ ཉིན་www.news.ch་སུད་སིའི་གསར་འགྱུར་དུ་འཇལ་ཡིག་ནང་དུ་གནས་ཚུལ་སྤེལ་བར་གཞིགས་ན་༧གོང་ས་མཆོག་བྷ་སལ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་Guy Morin་དང་མཇལ་འཕྲད་གནང་ཡོད་པ་དང་། ༧གོང་ས་མཆོག་ཐེངས་འདིར་བྷ་སལ་དུ་གདན་འདྲེན་བྱེད་ཐུབ་ཡོད་པ་དེ་ང་ཚོ་གྲོང་ཁྱེར་གྱི་ཆེ་མཐོང་ཡིན་པ་དང་། བོད་དང་སིད་སའི་གྲོང་ཁྱེར་བྷ་སར་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ལོ་རབས་དྲུག་ཅུ་ནས་སྐུའི་གཅོང་མོ་རྗེ་བཙུན་པད་མའི་བོད་ཕྲུག་ཁྱིམ་སྡེའི་ལས་འཆར་བྱུང་བ་ནས་མུ་མཐུད་འབྲེལ་ལམ་གནས་ཡོད་སྐོར་སྤྱི་ཁྱབ་པས་གསུངས་ཡོད་སྐོར་འཁོད་འདུག

སུད་སི་དང་ལིཀ་ཏེན་སིཊཡན་དུ་༧གོང་ས་མཆོག་གི་ཆིབས་བསྒྱུར་ལེགས་པར་གྲུབ་ཡོད་པ་དང་། གངས་གཞོན་ཚང་ཕུན་ཚོགས་ཀྱིས་ཐེངས་འདིའི་ལས་རིམ་ནང་ཞུགས་མཁན་གྱི་དང་བླངས་པ་རྣམས་ལ་སུད་སི་དང་ལིཀ་ཏེན་སིཊ་ཡན་བོད་རིགས་མི་མང་གི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་། དང་བླངས་ཞབས་ཞུ་བ་ཚོར་༧གོང་ས་མཆོག་དང་ལྷན་དང་དྲན་རྟེན་གྱི་སྐུ་པར་སྒྲོན་རྒྱུ་ཞིག་ཀྱང་གོ་སྒྲིག་བྱས་སོང་།

ཐེངས་འདིའི་༧གོང་ས་མཆོག་གི་ཆིབས་བསྒྱུར་གྱི་སྐབས་སུ་དང་བླངས་པ་མི་གྲངས་༣༠༠ ལྷག་ཡོད་འདུག་ལ། རྒྱལ་ཁབ་མི་འདྲ་བ་ཁག་བཅུ་ཕྲག་ནས་ཆོས་ཞུ་བ་ཁྲི་ཡར་མར་འདུས་ཡོད་པ་ཚོད་དཔག་བྱེད་བཞིན་འདུག །
ས་གནས་གསར་འགོད་པ་རྡོ་སྦིས་ཀླུ་རྒྱལ།

Share this:
༡༡༡ ཀློག་གྲངས།