བོད་མི་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་ཚོའི་ལས་འགུལ།

    དེ་ཡང་ཉི་ཧོང་དུ་དར་ཁྱབ་ཆེ་བའི་ཤིའན་ཊོ་ཆོས་ལུགས་ཀྱི་གནས་རི་རྩ་ཆེན་ཧྥུས་ཇི་རི་བོའི་སྟེང་དུ། བོད་མི་༥༠ ལྷག་ཙམ་དང་སོག་པོ། ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་དེ་དག་གིས་གསོལ་འདེབས་བསྔོ་སྨོན་གྱི་ལས་འགུལ་སྤེལ་ཡོད་པ་དང༌། ཤར་ཨེ་ཤ་ཡའི་ྋགོང་ས་མཆོག་གི་སྐུ་ཚབ་སོགས་ཀྱིས། དེང་སྐབས་རྒྱ་ནག་ནང་དང༌། བོད། ཤར་ཏུར་ཀི་སི་ཐན། ནང་སོག་བཅས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་ལ། ང་ཚོ་གཅིག་མཚུངས་ཀྱིས་དཀའ་སྡུག་མང་པོ་ཞིག་ལ་དུས་ཡུན་རིང་པོའི་ནས་གདོང་ལེན་བྱེད་བཞིན་ཡོད་པས། དེ་རིང་ང་ཚོས་དཀའ་སྡུག་ཁྲོད་ནས་གང་དུ་བཞུགས་ཡོད་པའི་སྤུན་ཟླ་ཚོའི་བར་ཆད་སེལ་བའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་བརྗོད་པ་རེད།
    གསོལ་འདེབས་བསྔོ་སྨོན་གྱི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་བོད་མི་དང༌། ཤར་ཏུར་ཀི་སི་ཐན། ནང་སོག དེ་བཞིན་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་དང༌། སྨྲ་བརྗོད་རང་དབང་གི་ཐོབ་ཐང་མེད་པའི་མི་མང་ཚོའི་བར་ཆད་དང་དཀའ་ངལ་སེལ་ཐབས་སུ་དམིགས་པ་ཞིག་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད།

Share this:
༨༦ ཀློག་གྲངས།