སྦྲ་སོག་འབྲི་གསུམ་གྱི་དུས་དེབ་དང་དྲ་རྒྱ་དབུ་འབྱེད།

ཟླ་༢ ཚེས་༢༢ ཉིན་མདོ་ཁམས་སྦྲ་སོག་འབྲི་གསུམ་གྱི་དུས་དེབ་http://www.drasogdrisum.org/དང་དྲ་རྒྱ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་འཚོགས་ཡོད་པ་རེད།

IMG_4172ཐོག་མར་ཚོགས་མི་རྣམས་བཞུགས་གྲལ་ལ་འཁོད་མཚམས་སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཞོན་འབྲི་སྐལ་བཟང་གིས་མཛད་རིམ་ངོ་སྤྲོད་གནང་བ་དང་། གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་རྗེས། སྐུ་མགྲོན་གཙོ་བོ་བོད་མི་མང་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་སྦྲ་སོག་འབྲི་གསུམ་དུས་དེབ་དབུ་འབྱེད་དང་། སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ་ངག་དབང་ཐར་པས་ཚོགས་པའི་དྲ་རྒྱ་དབུ་འབྱེད་གནང་སོང་།

སྐུ་མགྲོན་གཙོ་བོ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་ཤེས་ཡོན་སློབ་སྟོན་དང་འབྲེལ་བའི་གསུང་བཤད་གནང་སྐབས། སྐྱིད་སྡུག་ཚོགས་པ་ཞེས་པ་དེ་ཕ་ཡུལ་གཅིག་པ་རྣམས་ཕན་ཚུན་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་ཕན་ཕན་ཚུན་རོགས་རམ་བྱེད་པའི་ཆེད་དུ་ཡིན་པ་དང། གཙོ་ཆེ་ཤོས་རང་ཉིད་ཀྱི་འབྲེལ་ཡོད་ལུང་ཚན་ནང་གི་མི་རབས་གསར་པར་ཤེས་ཡོན་སྦྱོང་བར་ཚོགས་མི་ཚང་མས་ཕྱར་གྲུ་མཉམ་འདེགས་སྐྱིད་སྡུག་བརྒྱུད་ནས་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་དགོས་པ་དང་། ༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་འོག་དཔུང་འདེགས་བྱེད་ཐུབ་པའི་མི་སྣ་གསོ་སྐྱོང་བྱེད་དགོས་པ། ལུང་ཚན་སོ་སོའི་མི་ལ་སོ་སོས་མཐོང་དང་འདེང་འཇོག་རྒྱབ་སྐྱོར་བཅས་བྱེད་དགོས་པ། དེ་བཞིན་ཤེས་ཡོན་སྦྱོང་དགོས་པའི་གལ་གནད་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

IMG_4165མདོ་ཁམས་སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ་ངག་དབང་ཐར་པས་ “ང་ཚོ་དེ་རིང་འདིར་འཛོམས་དགོས་དོན་སྐྱིད་སྡུག་ཚོགས་པ་ཞིག་རེད་དེ། འགན་ཆེན་པོ་ཞིག་ཁྱེར་ན་དེ་རིང་འདིར་འཛོམས་པ་རེད། ང་ཚོ་རྒྱུན་ལས་རྣམས་ཀྱི་ངོས་ནས་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཡོང་རེས་རང་རིགས་རྣམས་ལ་དུས་རབས་དང་མཐུན་པའི་སྐུལ་འདེད་ཀྱི་ཚུལ་དུ་དུས་དེབ་དང་དྲ་རྒྱ་བཅས་ལ་འབད་པ་བྱས་ཡོད། སྐད་ཡིག་དང་རིག་གཞུང་ཁ་ལ་འཁྱེར་བ་ཙམ་མ་ཡིན་པར་དོན་དམ་པར་ལག་པ་འཆང་ནས་ང་ཚོས་དེ་རིང་དུས་དེབ་དང་དྲ་བརྒྱ་དབུ་འབྱེད་ཀྱི་མཛད་སྒོ་འདི་འཚོགས་རྒྱུ་བྱུང་བ་རེད། དུས་དེབ་དང་དྲ་རྒྱ་བཟོས་པ་ཙམ་གྱིས་ཕན་ཆེན་པོ་ཐོགས་ཀྱི་ཡོད་རེད་ཞུ་གི་མེད་དེ། གང་ལྟར་འདི་དག་གི་བོད་ཀྱི་སྐད་ཡིག་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཟེར་བའི་དཔེ་ལྟར་ཏན་ཏན་ཆགས་ཀྱི་ཡོད་རེད།” ཅེས་གསུངས་སོང།

དེ་བཞིན་ཁོང་གིས་“སྦྲ་སོག་འབྲི་གསུམ་གྱི་སྐྱིད་སྡུག་འདི་ཕྱི་ལོ་༢༠༠༡ ལོར་བཙུགས་པ་རེད། ༢༠༡༢ ནང་ཡར་རྒྱས་དང་རྒྱ་སྐྱེད་གཏོང་དགོས་པའི་སྐོར་ལ་བགྲོ་གླེང་དང་བསམ་ཤོག་བསྡུ་སྐབས། རྒྱལ་ཁབ་གང་སར་ཡོད་པའི་བཙན་བྱོལ་ནང་གི་སྦྲ་སོག་འབྲི་གསུམ་ཁྱབ་ཁོངས་ཀྱི་སྤུན་ཟླ་ཚང་མ་སྐྱིད་སྡུག་གཅིག་གི་འོག་ལ་འདུག་རྒྱུའི་འདུན་པ་ཡོད་མཁན་མང་བ་བྱུང་བ་དེ། ང་ཚོ་སྦྲ་སོག་འབྲི་གསུམ་གྱི་ལོ་རྒྱུས་ནང་དགའ་འོས་པའི་ཟིན་ཐོ་གསར་པ་ཞིག་ཆགས་ཡོད་རེད།” ཅེས་དང་། དེ་རིང་འདིར་འཛོམས་པའི་ཚོགས་མི་མང་ཆེ་བ་སློབ་ཕྲུག་ཆགས་འདུག སློབ་ཕྲུག་རྣམ་པ་ཚང་མ་ཀུན་སྤྱོད་བཟང་པོ་བྱེད་དགོས་པ་གལ་ཆེན་པོ་རེད། མི་གཞི་དང་ཀུན་སྤྱོད་ཡག་པོ་ཡོད་པའི་ཐོག་ཤེས་ཡོན་གྱི་རྒྱན་ཆ་ཞིག་ཡོད་པ་ཡིན་ན། མིའི་སྤྱི་ཚོགས་གང་དུ་སོང་ཡང་དཀའ་ངལ་ཡོང་གི་མ་རེད་”ཅེས་སོགས་གསུང་སོང་།

མཇུག་ཏུ་མདོ་ཁམས་སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་སྐྱིད་སྡུག་གི་དངུལ་གཉེར་བསྟན་འཛིན་སྐལ་ལྡན་གྱིས་ཐུགས་རྗེ་ཆེ་ཞུས་ཀྱི་གཏམ་བཤད་གནང་རྗེས་མཛད་སྒོ་གྲོལ་སོང་།།

Share this:
༥༣ ཀློག་གྲངས།