གླེང་མི་རུང་བའི་ལོ། ༢༠༠༨

གཡག་རྒན་ཐོད་དཀར། ཡོ་རོབ།

བོད་ཀྱི་དེ་བྱུང་ལོ་རྒྱུས་ནང་བལྟས་ཡོང་དུས། རིག་གཞུང་དང་ཆོས་ལུགས་བརྗེ་ལེན། རྒྱལ་སྐྱོང་སྲིད་གཞུང་འཕོ་འགྱུར། ས་ཁུལ་གྱི་ནང་འཁྲུག ཕྱིའི་རྒྱལ་ཁབ་ཀྱིས་བཙན་འཛུལ་སོགས་སྔ་ཕྱི་རིམ་པ་མང་པོ་ཞིག་བྱུང་ཡོད།
དེ་ཡང་ཡོངས་གྲགས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་ ༢༠༠༧ བར་བྱུང་བའི་བོད་ཀྱི་དེ་བྱུང་ལོ་རྒྱུས་ནང་ཆོས་དང་། རིག་གཞུང་། ཆུ་སྒང་བསྟན་སྲུང་དམག་གི་རྒྱ་རྒོལ། ༡༩༥༩ ལོའི་གསུམ་བཅུའི་རང་དབང་སྒེར་ལངས་སོགས་གནད་དོན་འགའ་ཞིག་ལ་བོད་མི་མང་གིས་ཡོངས་ཁྱབ་མ་ཡིན་པའམ་ས་ཁུལ་རང་བཞིན་གྱི་འགན་ཁུར་བླངས་པ་མ་གཏོགས། བོད་ཡུལ་སྤྱིའི་ཆ་ནས་ཆབ་སྲིད་ཀྱི་ཐོག་རྒྱལ་ཁབ་དང་། མི་རིགས་ཀྱི་དར་རྒུད་འཕོ་འགྱུར་ལ་བོད་མི་མང་གིས་འགན་ཁུར་དམིགས་བསལ་བླངས་མེད། ཐ་ན་ ༡༩༤༩ ལོ་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་དཔང་རྟགས་སྟོན་དགོས་བྱུང་ན། ཆུ་སྒང་བསྟན་སྲུང་དམག་གིས་བཙན་འཛུལ་བར་བཙན་རྒོལ་དགྲ་འཐབ་བྱས་པ་དེ་དང་། མདོ་སྨད་ཁུལ་དུ་ཡུལ་ཁག་སོ་སོ་ནས་དགྲ་འཐབ་བྱས་པའི་དེ་བྱུང་ལོ་རྒྱུས་དེ་དག་དཔང་རྟགས་མ་བྱས་ན། རྒྱ་ལ་མགོ་བཏགས་པ། ཉིན་གཅིག་གཉིས་ལ་དམག་འཐབ་པ། དགའ་བསུ་ཞུས་པ། རྒྱ་ནག་དམར་པོའི་གཞུང་གི་ཚོགས་ཆེན་ལ་ཆེད་བཅར་ཞུས་པ་ལྟ་བུ་དག་ལས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་དཔང་རྟགས་རྙེད་ཁག་པོར་གྱུར་ཡོད། གང་ལྟར་ཡང་དགའ་ལྡན་ཕོ་བྲང་པའི་དུས་ནས་བྱུང་བའི་དམངས་ཁྲོད་གཏམ་དཔེ། “སྡེ་བ་གཞུང་གི་བྱུས་ཏོག སྡེ་སྲིད་མགོ་ལེབ་ཀྱིས་བྱེད་ཀྱི་རེད་”ཟེར་བ་འདིས་བོད་མི་མང་གི་བསམ་བློ་གཏོང་སྟངས་ཀྱི་གནད་དོན་འདི་གསལ་བཤད་བྱས་ཡོད་ལ། ད་ལྟ་ཡང་བོད་མིའི་ཁྲོད་དུ་བསམ་བློ་འདིའི་རིགས་ཡལ་ཟིན་པ་དེ་འདྲ་ཡང་མ་རེད།

འོན་ཀྱང་དེ་བྱུང་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་ན་ཆེས་འབུར་དུ་ཐོན་པ་ནི་ ༢༠༠༧ ལོའི་རྗེས་ཏེ། ༢༠༠༨ ལོའི་བོད་མིའི་གྱེན་ལངས་ཆེན་མོ་དེ་རེད། ཞི་རྒོལ་གྱེན་ལངས་ཆེན་མོ་འདིའི་ནང་བོད་མི་ཕོ་མོ་རྒན་གཞོན། ས་ཁུལ་བཅས་ཀྱི་དབྱེ་བ་མེད་པར་སྟོད་མངའ་རིས་ནས་སྨད་རྒྱལ་རོང་དང་དར་རྩེ་མདོའི་བར་གྱི་བོད་ཆོལ་ཁ་གསུམ་མམ། གངས་རིའི་རྭ་བས་ཡོངས་སུ་བསྐོར་བའི་གངས་ཅན་ལྗོངས་འདིའི་བོད་མི་རྣམས་དངོས་ཤུགས་བརྒྱུད་གསུམ་ནས་རྡོག་རྩ་གཅིག་ལ་བསྒྲིལ་ཏེ་བོད་དང་བོད་མིའི་ཆེད་དུ་བཙན་རྒོལ་གྱེན་ལངས་བྱས་པ་ཞིག་རེད། བོད་ཀྱི་དེ་བྱུང་ལོ་རྒྱུས་ཀྱི་དཀྱོགས་མཚམས་གང་དུ་ཡང་དེ་སྔ་དེ་འདྲའི་རྡོག་རྩ་གཅིག་སྒྲིལ་ཞིག་བྱུང་མྱོང་མེད། འདི་ལྟ་བུའི་མི་མང་གི་ངོ་རྒོལ་གྱེན་ལངས་འདིའི་བརྗོད་དོན་ནི་ཧ་ལས་པའི་རིན་ཐང་ལྡན་ཡོད།

དེ་ཡང་ ༡༩༥༩ ལོར་ལྷ་སར་གསུམ་བཅུའི་བོད་ཀྱི་མི་མང་གི་རང་དབང་སྒེར་ལངས་བྱུང་བ་དང་། བོད་གཞུང་དང་། ༧གོང་ས་མཆོག་དབུས་པའི་བོད་མི་འབུམ་ཕྲག་ལ་ཉེ་བ་རྒྱ་གར་དུ་བཙན་བྱོལ་དུ་སླེབས་པ་རེད། བཙན་བྱོལ་དུ་བོད་གཞུང་གི་ལས་དོན་མུ་མཐུད་བསྐྱངས་ཤིང་། དེ་སྔ་བོད་དུ་བར་སྐབས་གཞུང་གིས་དབང་བསྒྱུར་ཚད་ལྡན་མ་བྱུང་བའི་ཁམས་དང་། ཨ་མདོ་གཉིས་ཚུད་པའི་ཆོལ་གསུམ་བོད་མིའི་མང་གཙོའི་སྲིད་གཞུང་ཞིག་གི་ལམ་དུ་གོམ་ཁ་སྤོས་པ་དང་། མ་འོངས་པའི་བོད་དེ་ཡང་དེ་འདྲའི་བོད་ཡུལ་ཞིག་ཡོང་ཆེད་རྒྱལ་སྤྱིར་ཞུ་གཏུགས་མཚོན་ལས་འགུལ་མང་པོ་སྤེལ་བ་རེད།

ཡིན་ནའང་རྒྱལ་སྤྱིའི་ཁྱོན་དུ་དུས་རབས་བཅུ་བདུན་པ་ནས་མདོ་སྨད་ཁུལ་དང་། དུས་རབས་བཅུ་དགུ་པའི་ནང་ཁམས་ཁུལ་དུ་རིམ་པར་ལྷགས་པའི་བོད་ཀྱི་དེ་བྱུང་ལོ་རྒྱུས་ཀྱི་གནད་དོན་ལ། རྒྱ་ནག་སྲིད་གཞུང་རིམ་བྱུང་དང་། རྒྱ་གར་དབྱིན་ཇིའི་གཞུང་བཅས་ཀྱིས་བྱེད་བབ་དང་། རང་གཞུང་དགའ་ལྡན་ཕོ་བྲང་པའི་སྐབས་དེ་དག་ཏུ་ལས་དོན་འཐུས་ཤོར་སོགས་ལ་བརྟེན་ནས། ཁམས་དང་ཨ་མདོའི་བོད་མི་ཚོ་དབུས་སུ་འགྲོ་སྐབས་བོད་དུ་འགྲོ་ཟེར་བ་ལྟ་བུའི་གནས་སྐབས་ཤིག་བྱུང་ཡོད། དེ་བརྟེན་བོད་ཟེར་དུས་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཙམ་དུ་ངོས་འཛིན་མཁན་མཐོ་ས་རྒྱལ་སྤྱིའི་འཕོ་འགྱུར་ལ་ཁ་ལོ་བསྒྱུར་མཁན་གྱི་སྒྲིག་འཛུགས་རིམ་པ་ནས་དམའ་ས་རྒྱ་བོད་མང་ཚོགས་བར་ཁྱབ་ཡོད་ལ། བཙན་བྱོལ་བོད་གཞུང་གིས་བརྗོད་བཞིན་པའི་༼བོད་༽ཟེར་བ་དེ་ཡང་ཏག་ཏག་ཅིག་སྡོད་ཀྱི་མེད་སྐོར་གླེང་སློང་བྱེད་མཁན་རྒྱ་ནག་གཞུང་གཙོས་པའི་རིམ་པ་ངེས་ཅན་ཡོད་ལ། ཐ་ན་བོད་རིག་པའི་མཁས་དབང་ཡིན་ཟེར་མི་ཁག་ཅིག་ཀྱང་ཚུད་ཡོད།

དེ་ལྟར་ཡང་ལོ་རྒྱུས་ཀྱི་གནད་དོན་ནི་མཐར་ཐུག་མི་མང་གིས་ཐག་གཅོད་བྱེད་ཀྱི་ཡོད་ལ། དེ་ནི་དོན་དངོས་དང་མཐུན་པ། ཆབ་སྲིད་དང་མཐུན་པ། དེ་བྱུང་ལོ་རྒྱུས་ཀྱི་ནང་དུ་རང་ཉིད་ངོ་སྤྲོད་པ། མདུན་ལམ་འཚོལ་བ་བཅས་ཆགས་ཡོད་ཅིང་། ༢༠༠༨ ལོའི་བོད་མིའི་གྱེན་ལངས་ཆེན་མོ་འདིས་གོང་གསལ་བརྗོད་བབ་དེ་དག་ལ། བོད་མི་མང་གིས་བོད་ནི་བོད་རང་ཡིན་ལ། ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་བོད་ཡིན་པ་ལས། ང་ཚོའི་ས་ཁུལ་འགའ་ཞིག་བོད་ཡིན་པ་དང་། འགའ་ཞིག་བོད་མིན་པར་བརྗོད་པའི་བཙན་པོའི་དབང་བསྒྱུར་སྲིད་བྱུས་དག་ལ་ལན་འདེབས་ཚ་ནན་གནང་བ་ཞིག་ཡིན་པར་མ་ཟད། གང་ཞིག་བོད་ཡིན་པ་དེ་ས་ཆའི་བདག་པོ་བོད་པ་མི་མང་གིས་བོད་ཀྱི་རྒྱལ་དར་གྱེན་དུ་སྒྲེང་བཞིན། དམར་པོའི་དར་དམར་མར་ཕབ་བཞིན་ཚེ་སྲོག་གིས་གསལ་བཤད་བྱས་པ་ཞིག་ཆགས་ཡོད།

ད་ལྟ་ཕྱི་བལྟས་ཤིག་བྱེད་དུས་བོད་མི་མང་གིས་༢༠༠༨ ལོའི་བོད་མིའི་བཙན་རྒོལ་གྱེན་ལངས་ཆེན་མོ་དེ་གནང་ནས་ལོ་བདུན་ལ་ཉེ། ཐོག་མའི་ལོ་ངོ་རེ་གཉིས་ནང་གནད་དོན་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་གླེང་སློང་གང་འཚམ་བྱུང་ཡོད་པ་དང་། ཐ་ན་ད་ལྟའི་སྲིད་སྐྱོང་བཀའ་ཁྲིའི་འོས་མིར་བཞེངས་སྐབས་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་འདིར་ཞིབ་འཇུག་གནང་རྒྱུ་ཡིན་སྐོར་གསུངས་ཡོད་ཀྱང་ད་བར་དམིགས་བསལ་དེའི་སྐོར་གོ་ཐོས་གང་ཡང་མེད་པ་མ་ཟད། ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆབ་སྲིད་རང་བཞིན་གྱི་གཏམ་བརྗོད་ཀྱི་ཐོག་ནས་ ༢༠༠༨ ལོ་གླེང་བ་ཧ་ཅང་ཉུང་ལ། ཐ་ན་དེང་གི་ཆར་གཞུང་གི་གལ་ཆེའི་ཆབ་སྲིད་ཀྱི་ཡིག་ཆ་ཁག་ཏུ་གླེང་བ་ཧ་ཅང་ཉུང་། དེ་བྱུང་ལོ་རྒྱུས་འདི་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་ཆའི་ཁྲིམས་མཐུན་རང་བཞིན་གྱི་སྲོག་ཡིན་པར་མ་ཟད། དབུ་མ་དང་རང་བཙན་གླེང་མཁན་ཚང་མས་བརྗོད་བཞིན་པའི་༼བོད་༽ཟེར་བ་དེའི་ཁུངས་སྐྱེལ་བླ་མེད་ཅིག་ཆགས་ཡོད། འོན་ཀྱང་ཕྱོགས་ཚང་མས་དེང་གི་ཆར་གལ་ཆེན་རང་བཞིན་གྱི་དེ་བྱུང་ལོ་རྒྱུས་འདི་གླེང་གི་མེད་པ་དེ་ཆབ་སྲིད་ཀྱི་ཐོག་ནས་དཀའ་ངལ་གང་ཞིག་ཡོད་པ་ཡིན་ནམ། དགོས་དབང་གིས་གླེང་གིན་མེད་པ་གང་ཡིན་དོ་སྣང་བྱེད་དགོས་པ་ཞིག་ཆགས་འདུག

ངའི་དོགས་འཆར་ལ། ༢༠༠༨ ལོའི་བོད་མིའི་གྱེན་ལངས་ཆེན་མོ་དེ་གླེང་བ་ཡིན་ན་རྒྱ་ནག་གཞུང་ལ་མི་བདེ་བ་ཆེན་པོ་ཡོང་གི་ཡོད་པ་འདྲ། རྒྱ་ནག་གཞུང་ལ་མ་བདེ་བ་བྱུང་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། དེའི་རྩ་ཁྲིམས་ལ་བརྩི་བཀུར་བྱེད་ཡུལ་ལྷགས་ཀྱི་མེད་པ་འདྲ། དབུ་མའི་ལམ་དུ་འགྲོ་མཁན་ཚོ་དེ་ལྟར་ཡིན་ཆོག་ནའང་། བོད་རང་བཙན་རྩོད་ཀྱི་ཡིན་ཟེར་མི་དག་གིས་ག་རེ་བྱས་ནས་གླེང་གི་མེད་པ་རེད། གང་ལྟར་བློ་ཕམ་པ་ཞིག་ནི། དོན་གྱི་བདག་པོ་གཞིས་ལུས་བོད་མི་མང་གིས་ཤ་ཁྲག་གིས་འགྲོ་གྲོན་བཏང་ནས་འཛམ་གླིང་ལ་བོད་ངོ་སྤྲོད་གནང་བ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ཚོགས་སྡེ་ཁག་བར་གྱི་ཆབ་སྲིད་པ་ཚོས་གླེང་ཐུབ་ཀྱི་མེད་པ་དེ་རེད། དེར་བརྟེན་གླེང་མི་རུང་བའི་ལོ་ནི་ ༢༠༠༨ ལོ་རེད་ཅེས་བརྗོད་ན་འོས་ཤིང་འཚམ་པར་མཐོང་།།

Share this:
༥༠ ཀློག་གྲངས།