གསུམ་དུས་ཀྱི་སྐུ་མགྲོན་དུ་རྗར་མེན་གྱི་གྲོས་ཚོགས་ཚོགས་གཞོན་ཕེབས་ཀྱི་འདུག

བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༥༦ པའི་ཐོག་སྐུ་མགྲོན་གཙོ་བོ་རྗར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ཕེབས་ཀྱི་ཡོད་པ་དང་། ཁོང་གིས་གསུམ་དུས་ཀྱི་སྔ་ཉིན་སྟེེ། ཚེས་༩ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

_MG_5521ཟླ་འདིའི་ཚེས་༩ ཉིན་གྱི་ཕྱི་དྲོ་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྗར་མན་གྲོས་ཚོགས་ (Bundestag) ཀྱི་ཚོགས་གཞོན་ལྕམ་ཀ་ལ་འོ་ཌི་རོ་ཐི་(Ms.Caudia Roth) གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཡོད་པ་དང་། དེ་སྲིད་སྐྱོང་བློ་བཟང་སེང་གེ་དང། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་གཉིས་བཅར་ཡོད་པ་རེད།

སྲིད་སྐྱོང་བློ་བཟང་སེང་གེས་ཁོང་ལ་དགའ་བསུའི་གསུང་བཤད་གནང་དོན། “སྐུ་ཉིད་ལྟ་བུར་མཚོན་ན་མི་སྣ་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད་པ་དང་། ས་ཐག་རིང་མིན་ལ་མ་འཛེམས་པར་ཐེངས་འདིར་བོད་མིར་གདུང་སེམས་མཉམ་བསྐྱེད་ཆེད་ངས་གདན་ཞུས་འབོད་སྐུལ་ཞུས་པ་ལྟར་ཕེབས་ཐུབ་པ་དེས་ང་ཚོར་རེ་བ་ཞིག་སྦྱིན་སྤྲད་ཡོད།” “ལྷག་པར་དུ་གཞིས་བཞུགས་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་དྲག་ཇི་ཙམ་བྱེད་བཞིན་ ཡོད་མེད་ལ་མ་ལྟོས་པར་སྙིང་སྟོབས་དང་ལྷག་བསམ་ཆེན་པོའི་ཐོག་ནས་རང་གི་ཐོབ་ཐང་རྩོད་བཞིན་པའི་སྐབས་འདིར་སྐུ་ཉིད་འདིར་ཕེབས་པ་དེས་ཁོང་ཚོའི་སེམས་ལ་འཛམ་གླིང་ནང་དྲང་བདེན་ལ་དགའ་བའི་དབུ་ཁྲིད་རྣམས་ཀྱིས་ང་ཚོར་རྒྱབ་སྐྱོར་གནང་གི་འདུག་བསམས་པའི་བློ་སྤོབས་སྐྱེད་ངེས་ཡིན།” ཞེས་གསུངས་ཡོད་པ་རེད།

རྗར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་ཀ་ལ་འོ་ཌི་རོ་ཐིས་གསར་འགོད་གསལ་བསྒྲགས་ཐོག་གསུང་དོན། “དེ་རིང་ང་རང་འདིར་བཅར་སྐབས་བསམ་བློ་གུ་ཡངས་པོ་ཞིག་དང་བློ་བདེ་ པོའི་ཐོག་ནས་ཡོང་བ་ཡིན། བོད་མི་ཚོའི་དཀའ་ངལ་དང་སྡུག་བསྔལ། མིག་ཆུ་དང་འཛུམ་མདང་སོགས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ངའི་གྲོགས་མོ་ཞིག་གིས་དེ་སྔ་ང་ལ་དཀའ་སྡུག་མྱོང་བཞིན་པ་རྣམས་བརྗེད་རྒྱུ་མེད། བརྗེད་པ་ཡིན་ན། ཁོང་ཚོའི་ཚེ་སྲོག་ཤོར་རྒྱུ་རེད། ཅེས་གཏམ་དཔེ་ཞིག་དང་སྦྲགས་འགྲོ་བ་མི་སུ་ཞིག་ཡིན་ཡང་མི་གཞན་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་དགོས་པ་གསུངས་བྱུང་། དེར་བརྟེན་གལ་ཏེ་ང་ཚོས་དཀའ་སྡུག་འོག་མྱོང་བཞིན་པའི་མི་རིགས་རྣམས་བརྗེད་པ་ཡིན་ན་ཁོང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རིམ་བཞིན་རྩ་མེད་དུ་འགྲོ་རྒྱུ་རེད། བོད་མི་ཚོས་རང་བཙན་དང་ཁ་བྲལ་རྩོད་ཀྱི་མེད། ཁོང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འོག་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ངེས་པར་དུ་བསམ་ཤེས་བྱས་ནས་བོད་མིའི་དཀའ་ངལ་སེལ་ཐབས་གནང་དགོས། བོད་མི་དེ་དག་གིས་རྒྱ་རིགས་ལ་དགྲ་བོར་བཟུང་ནས་སྡང་ཟུག་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ་བོད་མི་དེ་དག་གིས་རྒྱ་ནག་མི་མང་དང་ལྷན་གྲོགས་པོའི་འདུ་ཤེས་འཛིན་བཞིན་ཡོད། ང་རང་ཐེངས་འདིར་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ ཐོག་སྐུ་མགྲོན་དུ་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། ཉིན་མོ་དེ་ནི་བོད་མི་ཚོས་ཞི་བའི་སྒེར་ལངས་བྱས་པའི་ཉིན་མོ་དེར་དྲན་གསོ་ཞུ་རྒྱུའི་ཉིན་མོ་ཞིག་ཡིན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ཞེས་པའི་ཡིག་ཆ་དེ་གཞི་རྩར་བཞག་པའི་ཐོག་ནས་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱུ་རྒྱུ་ནི་གཞི་རྩའི་ཆ་ནས་ཧ་ཅང་ཡག་པོ་ཞིག་མཐོང་གི་འདུག དེར་བརྟེན་ངས་འབྲེལ་ཡོད་རྒྱ་ནག་དཔོན་རིགས་ཚོས་གུ་ཡངས་ཐོག་ནས་བོད་མི་ཚོ་དང་ལྷན་གྲོས་མོལ་གནང་དགོས་པའི་རེ་འདུན་ཞུ་རྒྱུ་མ་ཟད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་འབྱུང་འགྱུར་བོད་མིའི་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་དང་། དེ་ནི་བོད་མི་ཙམ་མ་ཟད། གལ་ཏེ་བོད་མི་ཚོར་མང་གཙོའི་ལམ་ལུགས་གཞི་རྩར་བཞག་པའི་ཐོག་ནས་དོན་དམ་གྱི་རང་སྐྱོང་གནས་བབ་ཞིག་ཐོབ་པ་ཡིན་ན། རྒྱ་ནག་ལའང་ཁེ་ཕན་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་དུའང་དེ་ལྟར་རང་སྐྱོང་གི་ཐོབ་ཐང་རྩོད་རྒྱུའི་ཐོབ་ཐང་ཡོད།”ཅེས་སོགས་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༤༢ ཀློག་གྲངས།