གསུམ་བཅུའི་དུས་དྲན་ནི་བོད་དོན་ལས་འགུལ་གྱི་དྲན་གསོའི་ཉིན་མོ་རེད།

ཕྱི་ཟླ་༣ ཚེས་༡༠ ཉིན་བོད་ལ་རྒྱ་ནག་གི་དབང་བསྒྱུར་བྱས་པར་མི་མང་གིས་ངོ་རྒོལ་ཡར་ལངས་བྱས་པའི་དུས་དྲན་གྱི་ཉིན་མོ་ཡིན་པ་དང་། བཙན་བྱོལ་བོད་གཞུང་མང་གཉིས་ནས་དུས་དྲན་འདི་སྲུང་བརྩི་བྱས་ཏེ། འདི་ལོར་ཐེངས་༥༦ པ་དེ་ཆགས་ཡོད་ནའང་། ད་ལྟ་དུས་དྲན་སྲུང་བརྩི་བྱེད་ཕྱོགས་སྐོར་བསམ་ཚུལ་ཡང་འདྲ་མིན་ཡོང་བཞིན་ཡོད་པ་རེད།

_MG_5910དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་༥༦ པའི་གཞུང་འབྲེལ་མཛད་སྒོ་ཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་རྗར་མེན་གྱི་གྲོས་ཚོགས་ཚོགས་གཞོན་ལྕམ་ཀ་ལ་འོ་ཌི་རོ་ཐི་(Ms.Caudia Roth) དང་། སྲིད་སྐྱོང་བློ་བཟང་སེང་གེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

ཉིན་དེར་གྲོས་ཚོགས་ཀྱི་གཏམ་བཤད་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྒྲོགས་སྦྱངས་བྱས་པའི་ནང་འཁོད་དོན། “༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་གཅེས་བོད་མི་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་གཞུང་དང་། རྒྱ་ཡི་དབང་འཛིན་པར་གཞི་རྒྱ་ཆེ་བའི་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་བ་དེ་ནི་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཏུ་ཆགས་ཡོད། རྒྱ་དམར་གཞུང་གིས་བོད་དུ་དབང་བསྒྱུར་བྱས་རིང་བོད་ཀྱི་ལོ་རྒྱུས་ བདག་དབང་ལ་འཁྱོག་བཤད་དང་། ཐུན་མིན་རིག་གཞུང་ལ་བསྲེ་སླད། ཆོས་དད་ཀྱི་རང་དབང་བཙན་འཕྲོག སྣོད་བཅུད་ཁོར་ཡུག་ལ་གཏོར་བཅོམ། འགྲོ་བ་མི་ཡི་ཐོབ་ཐང་ལ་རྡོག་རོལ། སྨྲ་བརྗོད་རང་དབང་ལ་བཀག་སྡོམ། དཔལ་འབྱོར་ཡར་རྒྱས་ལ་ཁག་དཀྲི། མི་སེར་སྤེལ་བའི་ངན་བྱུས། བོད་རིགས་གཅིག་གྱུར་ལ་ཁག་བགོས། བོད་མིའི་མངོན་འདོད་ལ་ཁྱད་གསོད་བྱས་པ་སོགས་ལས། དོན་དམ་བོད་ཀྱི་དགོས་མཁོ་དང་བསྟུན་པའི་སྲིད་བྱུས་ཡང་དག་པ་ཞིག་ད་བར་ལག་ལེན་དུ་མ་བསྟར་བར་མ་ཟད། དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁོ་ན་བཟུང་བར་བརྟེན། བོད་ཀྱི་མི་རབས་གསར་རྙིང་བརྗེས་མིན་ལ་མ་ལྟོས་པར་རྒྱ་གཞུང་ལ་ཞི་རྒོལ་གནང་བའི་རིམ་པ་ད་བར་མཚམས་ཆད་མྱོང་མེད་ཅིང། ད་དུང་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་མཚམས་ཆད་མི་སྲིད་པའི་གལ་གནད་འདི་ཡང་རྒྱ་ནག་གི་དབང་འཛིན་པ་ཚོས་ཤེས་དགོས་པ་ཞིག་ཆགས་ཡོད།”ཅེས་འཁོད་ཡོད་པ་རེད།

_MG_5932“རྒྱ་དམར་གྱི་དྲག་གནོན་སྲིད་བྱུས་དེའི་འོག་བོད་མི་འབུམ་ ༡༢ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ད་དུང་སྡུག་སྦྱོང་བཙོན་འཇུག་གི་དྲག་གནོན་འོག་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མིའི་གྲངས་ཚད་ནི་སུས་ཀྱང་ཚོད་འཛིན་མི་ཐུབ་པའི་གནས་སུ་ལྷུང་ཡོད།” “ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་ཐབས་དང་། བོད་དོན་གྱི་དཀའ་རྙོག་སེལ་ཐབས་ཆེད་ང་ཚོའི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཀྱང་གཡས་ཁག་གཡོན་དཀྲི་མེད་པར་དུས་ཚོད་ལ་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་མཐུད་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད།”ཅེས་སོགས་གྲོས་ཚོགས་ཀྱི་གཏམ་བཤད་ནང་འཁོད་ཡོད་པ་རེད།

བཀའ་ཤག་གི་གཏམ་བཤད་སྲིད་སྐྱོང་བློ་བཟང་སེང་གེས་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། “དེ་རིང་གི་ཉིན་མོ་འདི་ནི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ནས་ཇི་སྲིད་བོད་ དོན་བདེན་མཐའ་མ་གསལ་གྱི་བར་བློ་སྟོབས་ཆེན་པོའི་སྒོ་ནས་བོད་མིའི་བདེན་དོན་ འཐབ་རྩོད་མུ་མཐུད་བྱ་རྒྱུའི་ཆོད་སེམས་བསྐྱར་ནན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་འཚེ་མེད་ཞི་བའི་ལྟ་ གྲུབ་ལ་ཡིད་ཆེས་བརྟན་པོའི་སྒོ་ནས་འཇུག་རྒྱུའི་དམ་བཅའ་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཀྱང་རེད།”ཅེས་འཁོད་ཡོད་པ་རེད།

_MG_5985“ད་ལྟའི་ཆར་བོད་ནང་ཆབ་སྲིད་ཀྱི་གོ་རྟོགས་དང་མི་རིགས་ཀྱི་ལར་ཞེན་ཆེ་རུ་འགྲོ་ བཞིན་པ་ནི་བློ་སྤོབས་སྐྱེ་གཞིར་སྣང་། དེ་ཡང་བོད་ནང་གཞི་རིམ་མང་ཚོགས་ཀྱི་བསམ་པའི་འཁྱེར་ཕྱོགས་དང་། སྙན་ངག་མཁན་ཚོའི་སྙན་རྩོམ་གྱི་ནང་དོན་དང་གླུ་གཞས་ཀྱི་ཚིག་དོན། རི་མོ་བས་བྲིས་པའི་རི་མོའི་མཚོན་དོན་སོགས་ཕྱོགས་གང་ནས་བལྟས་ཀྱང་བོད་མིའི་ གཅིག་སྒྲིལ་གྱི་ནུས་སྟོབས་ཆེ་རུ་འགྲོ་བཞིན་ཡོད། རི་ཁར་དབྱར་རྩ་དགུན་འབུ་འཐུ་མཁན་གྱི་མི་མང་དཀྱུས་མ་ནས་སྣུམ་འཁོར་གཏོང་མཁན་ དང་དེ་བཞིན་ཞིང་པ་དང་འབྲོག་པ། མཁས་པ་དང་སྒྱུ་རྩལ་བ། དགེ་འདུན་པ་དང་བཙུན་མ་སོགས་ཚང་མས་བོད་མི་རིགས་ཀྱི་ཆེ་མཐོང་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དར་སྤེལ་ཡོང་ཐབས་ལ་སེམས་ཁུར་བྱེད་བཞིན་ཡོད། བཟང་ཕྱོགས་ཀྱི་འགྱུར་བ་འདི་དག་གིས་རིམ་བཞིན་བོད་མིའི་མངོན་འདོད་སྒྲུབ་པར་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཡིན།”ཞེས་སོགས་བཀའ་ཤག་གི་གཏམ་བཤད་ནང་འཁོད་ཡོད་པ་རེད།

_MG_6134གཞུང་འབྲེལ་མཛད་སྒོ་གྲོལ་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་དྷ་ས་མག་གྷན་གཙུག་ལག་ཁང་ནས། དྷ་ཤོད་ཀ་ཅཱ་རི་བར་མི་མང་གི་ངོ་རྒོལ་ཁྲོམ་སྐོར་ཞིག་གོ་སྒྲིག་བྱས་ཡོད་པ་རེད། ངོ་རྒོལ་ཁྲོམ་སྐོར་ནང་སེར་སྐྱ་མི་མང་རྒན་གཞོན་མེད་པ་དང་། སློབ་མ་མང་པོ་འཛུལ་ཞུགས་བྱས་ཡོད་པ་དང་། བོད་ལ་རང་དབང་རང་བཙན་དགོས་པ། རྒྱ་མིའི་བཙན་གནོན་མཚམས་འཇོག་དགོས་པ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ། ༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པ། རྒྱལ་སྤྱིའི་ཐོག་ནས་བོད་ལ་རྒྱབ་སྐྱོར་དགོས་སྐོར་གྱི་འབོད་ཚིག་བསྒྲགས་ཏེ་ཁྲོམ་སྐོར་བྱས་ཡོད་པ་རེད།

_MG_5996ཉིན་དེར་ངོ་རྒོལ་ལས་འགུལ་གོ་སྒྲིག་པ་ཚོགས་པ་གསུམ་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང། “དེ་རིང་ང་ཚོས་༡༩༥༩ ལོར་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དགོས་འདུན་དང་བློ་སྟོབས་སྙིང་དབུས་སུ་བཅངས་ནས། ཆིག་སྒྲིལ་དང་བློ་སྟོབས་ཆེར་བསྐྱེད་ཀྱིས་བཙན་གནོན་གཏོང་མཁན་ལ་གདོང་ལེན་དང་ཁ་གཏད་བཅག་ནས་ང་ཚོའི་འཐབ་རྩོད་ཀྱི་རྣམ་པ་མཐོ་ཚད་གསར་པ་ཞིག་ལ་སླེབས་པར་བྱེད་དགོས་”ཞེས་སོགས་འཁོད་འདུག

ངོ་རྒོལ་ཁྲོམ་སྐོར་ནང་ཞུགས་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལ་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེར་ངོས་འཛིན་ག་འདྲ་བྱེད་ཀྱི་ཡོད་ཅེས་ངས་བཅར་འདྲི་བྱས་པར། ཁོང་གིས། “དེ་རིང་གི་ཉིན་མོ་དེ་གལ་ཆེན་རེད། བོད་ལ་ལོ་༢༠༠༠ ལྷག་གི་ལོ་རྒྱུས་ཡོད་པ་དེར་རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པའི་ཉིན་མོ་ཞིག་རེད་ལ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་སྐད་ཆ་བཤད་ཡོད་པ་མ་རེད། ང་རང་ཚོས་ལོ་རྒྱུས་ཀྱི་ཐོག་ནས་བོད་བཙན་གྱི་ཐོབ་ཐང་དེ་མུ་མཐུད་རྩོད་དགོས་པ་ཐོབ་ཐང་ཡིན་པ་བསྐྱར་དུ་དྲན་སྐུལ་གྱི་ཉིན་མོ་ཞིག་རེད། བོད་ཀྱི་ལོ་རྒྱུས་ཤེས་པའི་ཐོག་ནས་བོད་དོན་འཐབ་རྩོད་དགོས་ཀྱི་འདུག་”ཅེས་གསུངས་སོང་།

_MG_6175ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་སམ་མར་ལ་གསུམ་དུས་ངོས་འཛིན་བྱེད་སྟངས་ག་འདྲ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་པར། ཁོང་གིས་“མི་མང་གིས་ཡར་ལངས་བྱས་ཏེ། ལོ་༥༦ འཁོར་གྱི་ཡོད་ནའང་། བོད་ནང་ནས་ངོ་རྒོལ་དང་བློས་གཏོང་ཆུད་ཟོས་སུ་འགྲོ་ཡི་མ་རེད། ང་ཚོའི་མི་རབས་འདི་རྫོགས་ནའང་། མི་རབས་རྗེས་མས་བོད་པའི་རང་དབང་རང་བཙན་ལོན་ཐབས་བྱེད་རྒྱུ་རེད། དེ་རིང་གི་ཉིན་མོ་འདི་དྲན་གསོ་བྱས་ཏེ། མ་འོངས་པའི་ལས་འགུལ་དེ་ལས་ཤུགས་ཆེ་བ་སྤེལ་དགོས་རེད་ལ། བོད་མི་རིགས་ཀྱི་ཆེད་དུ་བོད་མི་རིགས་ལངས་དགོས་པ་རེད་”ཅེས་གསུངས་སོང་།

ཉིན་དེར་ཁྲོམ་སྐོར་ལས་འགུལ་དྷ་ཤོད་ཀ་ཅཱ་རིར་འདུ་འཛོམས་ཀྱིས་ཚོགས་པ་ཁག་གི་སྐུ་ཚབ་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་བ་དང་། ལས་འགུལ་མཇུག་བསྡུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༤ ཀློག་གྲངས།