སྐད་འབོད་དང་སྨྲ་བརྗོད་རང་དབང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༣༣  ཕྱི་ལོ་ ༢༠༡༥/༣/༡༡

ཕྱི་ལོ་༡༩༥༩ ལོའི་ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རིགས་མི་མང་གི་ངོས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱེན་ལངས་བྱས་པ་ནས་བཟུང། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ལོ་ལྟར་རང་དབང་སྒེར་ལངས་ཀྱི་ཉིན་མོ་དེ་ཉིད་བར་མ་ཆད་དུ་སྲུང་རྩི་ཞུས་ཡོད་པ་དང། ལོ་འདིའི་གསུམ་བཅུའི་དུས་དྲན་ནི་ཐེངས་༥༦ པ་ཆགས་ཡོད། འདས་པའི་དུས་ཡུན་དེ་དག་གིས་གཙོས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལས་འགུལ་ཆེ་ཆུང་འདྲ་མིན་སྣ་ཚོགས་སྤེལ་ཡོད་པ་དང། ལྷག་པར་དུ་གསུམ་བཅུའི་དུས་དྲན་ནི་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ཉིན་མོ་གལ་ཆེ་ཤོས་སུ་བརྩི་བ་མ་ཟད། གཞུང་གི་ངོས་ནས་ཀྱང་ཉིན་འདིར་གུང་སེང་གཏོང་གི་ཡོད་པ་རེད། ད་ལྟའི་དུས་འདིར་མི་མང་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་གྱི་ཉིན་མོའི་ངོ་རྒོལ་ལས་འགུལ་ནང་གཞུང་ཞབས་ལས་བྱེད་པ་ཞུགས་མཁན་ནི་སྲིད་མཐའ་མ་བཀག་ཙམ་ཡིན་པ་མ་ཟད། གཞུང་འབྲེལ་གྱི་མཛད་སྒོའི་ཐོག་ཏུའང་ལས་བྱེད་ཕལ་མོ་ཆེ་མཉམ་ཞུགས་བྱེད་ཀྱི་མེད་པས། ཉིན་དེའི་གཞུང་འབྲེལ་གྱི་གུང་སེང་དེ་ཡང་དོན་མེད་ལྟ་བུར་གྱུར་འདུག

དེ་བཞིན་ས་གནས་ཁག་ཅིག་ཏུ་གསུམ་བཅུའི་དུས་དྲན་སྐབས་འབོད་ཚིག་གཞུང་འབྲེལ་གྱི་སྲིད་བྱུས་དབུ་མའི་ལམ་དང་མཐུན་པའི་ཐོག་ནས་གཏན་འབེབས་བྱེད་དགོས་པའི་ལྟ་ཚུལ་འདོན་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་ནས་བྱུང་ཡོད་འདུག དཔེར་ན་དྷ་རམ་ས་ལ་ནས་བོད་ཀྱི་བུད་མེད་ལྷན་ཚོགས་དང། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་བསམ་ཚུལ་དེ་དང་འབྲེལ་བའི་ཐོག་ནས་ལོ་འདིའི་རང་དབང་སྒེར་ལངས་ཀྱི་ངོ་རྒོལ་ལས་འགུལ་གོ་སྒྲིག་པའི་གྲས་ནས་ཕྱིར་འཐེན་བྱས་ཡོད་པ་དང། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་འབོད་ཚིག་གཏན་འབེབས་བྱེད་པར་ཚོགས་པ་ཁག་བསམ་ཚུལ་མི་མཐུན་པ་བྱུང་ནས་USTC ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ལས་འགུལ་གོ་སྒྲིག་བྱེད་མཁན་གྲས་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག དེ་ནི་ཚོགས་པ་ཁག་གི་ལས་ཀ་བྱེད་མཁན་རྣམས་སྒེར་གྱི་འཁོན་འཛིན་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར་ལངས་ཕྱོགས་ཞིག་ལ་བརྟེན་ནས་བྱུང་བར་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་ཡོད།

སྤྱིར་གཞུང་འབྲེལ་ཡིན་ནའང་འདྲ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན་ནའང་འདྲ། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གོ་སྒྲིག་བྱེད་མཁན་ཙམ་ཡིན་པ་ལས། མི་མང་གི་སྐད་འབོད་ག་རེ་བྱེད་མིན་གྱི་ཐོག་ལ་སྟངས་འཛིན་དང་བྱུས་གཏོགས་བྱས་ན་འོས་འཚམས་ཤིག་གཏན་ནས་མིན་པ་དང། ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་ཚོས་ངོ་རྒོལ་སྐད་འབོད་བྱེད་སྐབས་རང་ཉིད་ཀྱི་སེམས་ཚོར་དང་འབྲེལ་བའི་ཐོག་ནས་སྐད་འབོད་ག་རེ་བྱེད་མིན་རང་དབང་ཡིན་དགོས་པ་ལས། དེ་ལ་སྟངས་འཛིན་བྱས་ན་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་བྱས་པ་ཞིག་ཏུ་གྱུར་ཡོད། གཏན་འབེབས་མ་བྱས་ན་འབོད་ཚིག་མི་ཤེས་པ་ཞིག་ཀྱང་གཏན་ནས་མིན་ལ། བཙན་བྱོལ་ནང་དུ་དབྱིན་ཇིའི་སྐད་ཡིག་དང་རྒྱ་གར་གྱི་སྐད་ཡིག་མི་ཤེས་མཁན་ཞིག་ཡིན་ནའང། དབྱིན་སྐད་དང་རྒྱ་གར་གྱི་སྐད་ཐོག་ནས་སྐད་འབོད་ཆུ་རྒྱུག་རྒྱུག་སྐྱོར་མི་ཤེས་མཁན་ཞིག་ཕལ་ཆེར་མེད་ཅེས་བརྗོད་ཆོག་པས། རང་རང་གི་འདོད་མོས་དང་མཐུན་པ་ཞིག་བྱེད་མ་བཅུག་ན་རིམ་པས་ལས་འགུལ་ནང་ཞུགས་མཁན་ཡང་ཉུང་དུ་འགྲོ་ངེས།

མི་མང་གི་སྐད་འབོད་གང་བྱེད་པའི་རང་དབང་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་ལ་འགོག་རྒྱུའི་དབང་ཚད་གཏན་ནས་མེད་པ་དང། གཞུང་གི་ངོས་ནས་ཀྱང་མི་མང་གི་འབོད་ཚིག་དང་ཞེ་འདོད་ལ་གུས་བརྩི་ཞུ་རྒྱུ་ལས། སྟངས་འཛིན་བྱེད་མི་ཆོག་པ་མ་ཟད། སྟངས་འཛིན་བྱེད་རྒྱུའི་གླེང་སློང་ཙམ་བྱས་ཀྱང་མང་གཙོ་ལ་གུས་བརྩི་ཆེན་པོ་མེད་པའི་མངོན་རྟགས་ཁོ་ནར་ངེས། དེར་བརྟེན་གཞུང་འབྲེལ་གྱི་ལས་འགུལ་སྐབས་འཕྲེད་དར་སོགས་གཞུང་གི་སྲིད་བྱུས་དང་མཐུན་པ་བཟོ་དགོས་པ་ཡོད་ནའང། སྐད་འབོད་དེའི་ནང་མི་མང་གི་མཉམ་ཞུགས་བྱེད་ཀྱི་ཡོད་པས་མི་མང་གི་ཞེ་འདོད་དང་མཐུན་པའི་སྐད་འབོད་དང་འཕྲེད་དར་བཅས་སྒེར་དང་ཚོགས་པ་སོགས་ཀྱི་མིང་ཐོག་ནས་ཁུར་རྒྱུར་སྟངས་འཛིན་བྱེད་འོས་པ་ཞིག་གཏན་ནས་མིན། གལ་སྲིད་དེ་འདྲ་བྱེད་དགོས་པའི་དབང་དུ་བཏང་ན། ཐོག་མ་ལས་འགུལ་དེ་གསལ་བསྒྲགས་བྱེད་སྐབས་ནས་ལས་འགུལ་འདིའི་ནང་ཞུགས་མཁན་གྱི་མི་རྣམས་ཆབ་སྲིད་ཀྱི་ལངས་ཕྱོགས་འདི་འདྲ་འཛིན་མཁན་འབའ་ཞིག་ཡིན་དགོས་ཞེས་ཆ་རྐྱེན་གསལ་པོ་འདོན་དགོས།

མདོར་ན་ལོ་འདིའི་གསུམ་བཅུའི་དུས་དྲན་སྐབས་དྷ་སར་མཚོན་ན་མི་འབོར་ཆེན་པོ་མཉམ་ཞུགས་བྱས་འདུག་པ་དང། སྐད་འབོད་ཀྱང་རང་གི་འདོད་མོས་དང་མཐུན་པ་འབའ་ཞིག་བྱེད་བཞིན་འདུག་པས། མང་གཙོ་དང་རང་དབང་ལུང་པའི་དགེ་མཚན་དེ་གསལ་པོ་མངོན་འདུག བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ལོ་གཅིག་ནང་བོད་དོན་གྱི་ལས་འགུལ་ཚང་མའི་ནང་དུ་མཉམ་ཞུགས་མི་ཐུབ་པའི་དབང་དུ་བཏང་ཡང། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེར་མཉམ་ཞུགས་བྱ་རྒྱུ་ཧ་ཅང་གལ་ཆེ་བ་དང། དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་དེ་ཡང་ཕྱི་ཟླ་༣ ཚེས་༡༠ ཉིན་རང་ལ་སྲུང་བརྩི་ཞུ་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེ་སྙམ། དེ་ལྟར་དུས་ཚོད་སྔ་བསྣུར་དང་ཕྱིར་འགྱངས་ཁོ་ན་བྱས་ནས་བསྡད་ན་དོན་གྱིས་གསུམ་བཅུའི་དུས་དྲན་གྱི་རྒྱབ་ལྗོངས་དང་དགོས་པའང་མ་འོངས་པར་བརྗེད་སྲིད་པ་དང། དུས་ཐོག་སྲུང་བརྩི་ཞུ་མ་ཐུབ་པ་དེར་རྒྱུ་མཚན་ཆེན་པོ་ཞིག་གཏན་ནས་མེད། ལས་འགུལ་སྐབས་མི་འབོར་མང་བ་དང་དུས་ཚོད་ཏག་ཏག་སྲུང་བརྩི་དགོས་པ་གཉིས་ཀྱི་ནང་ནས་གང་གལ་འགངས་ཆེ་མིན་ལ་ངེས་པར་དུ་བལྟ་དགོས་སྙམ།།

Share this:
༥༣ ཀློག་གྲངས།